མཚོ་སྔོན་ནས་འཛམ་གླིང་ཐོག་ཚངས་ཐིག་ཆེས་ཆེ་བའི་ལྕགས་རིགས་ཐཱེ་ཡི་སྦུག་དབྱིབས་རྒྱུ་ཆ་བཟོ་ཐུབ་པ་བྱུང་།

ནུས་མང་བཅག་ནོན་འཕྲུལ་ཆས་ཏུན་ཁྲི6.8ཅན་གྱིས་འཛམ་གླིང་ཐོག་ཚངས་ཐིག་ཆེ་ཤོས་ཀྱི་ལྕགས་རིག་ཐཱེ་ཡི་སྦུག་དབྱིབས་རྒྱུ་ཆ་བཟོས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རང་ཞིང་དུ་འཛམ་གླིང་ཐོག་ཐེག་ཚད་ཆེ་ཤོས་ཀྱི་ལྕགས་འདོང་བཙིར་གནོན་དང་མ་དཔེ་རྡུང་བཟོ་བྱེད་ཐུབ་པའི་ཏུན་ཁྲི6.8ཅན་གྱི་བཙིར་གནོན་འཕྲུལ་ཆས་ཡ་མེད་ཅིག་བཟོས་རྗེས། ཉེ་ལམ་ཡང་འཛམ་གླིང་ཐོག་ཚངས་ཐིག་ཆེས་ཆེ་བའི་ལྕགས་རིགས་ཐཱེ་ཡི་སྦུག་དབྱིབས་རྒྱུ་ཆ་བཟོ་ཐུབ་པ་བྱུང་ལ། དེ་ནི་མཚོ་སྔོན་གྱི་ཀྲུང་ཐེ་ཆིང་ཏུན་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིས་ཚངས་ཐིག་ཆེ་ཤོས་ཀྱི་ལྕགས་རིགས་ཐཱེ་ཡི་སྦུག་དབྱིབས་རྒྱུ་ཆ་བཟོ་བའི་ལག་རྩལ་ཁོང་དུ་ཆུད་པའི་རྟགས་མཚན་རེད།

2010ལོར། མཚོ་སྔོན་ཁང་ཐའེ་ལུགས་རྒྱག་འཕྲུལ་ཆས་ཚད་ཡོད་ཀུང་སིས་ཆིང་ཧྭ་སློབ་ཆེན་དང་མཉམ་དུ་ལོ་ལྔའི་རིང་ལ་དཀའ་བ་སྤྱད་དེ། འཛམ་གླིང་སྔོན་ཐོན་གྱི་ཚད་ལ་སླེབས་པའི་ཏུན་ཁྲི6.8ཅན་གྱི་ནུས་མང་བཙིར་གནོན་འཕྲུལ་ཆས་བཟོས། 2015ལོར་བཙིར་གནོན་འཕྲུལ་ཆས་དེས་འཛམ་གླིང་ཐོག་ཆེས་རིང་བའི་སྲུབས་མེད་ངར་ལྕགས་བཟོས་རྗེས་ཡང་བསྐྱར་དུ་འཛམ་གླིང་ཐོག་ཆེས་རིང་ཤོས་དང་སྤུས་ཆེས་ལེགས་པ། དབྱིབས་འགྱུར་དཀའ་བའི་ལྕགས་བསྲེས་མའི་རྡུང་བའི་ལྕགས་སྦུག་གཉིས་བཟོས་ཏེ། རང་རེའི་རྒྱལ་ཁབ་ལ་ཉིང་གློག་ཐད་སྤྱོད་པའི་ཁ་ཞེང་ཆེ་ཤོས་ཀྱི་ལྕགས་སྦུག་ཐོན་སྐྱེད་ལག་རྩལ་མེད་པའི་སྟོང་ཆ་བསྐངས་པ་དང་། ཚོད་ལྟའི་ཚུལ་དུ“སྦྲེལ་མདའ”“ཡུ་ཀྱོག”“འཁྱོག་མདའ”“འཁོར་སྒྲོམ” སོགས་ཐོན་རྫས་ཆུང་ངུ་དང་འཁོར་སྒྲོམ་འདྲ་མིན་གྱི་མ་དཔེ་བཟོས་ཏེ་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་གལ་ཆེན་དུ་གྱུར།

ལས་གཞི་དེ་གཉེར་ནས་ད་བར་དུ་ལོ་ངོ10འགོར་ཡོད་ན་ཡང་ལས་དེ་འཇུག་འཐུས་ཐོབ་ཐང་ལ་སོགས་ཆ་རྐྱེན་མི་འདང་བའི་དབང་གིས་ཐོན་རྫས་ཁྲོམ་རར་བཀྲམ་མ་ཐུབ་པར་ལུས། ནུས་མང་བཙིར་གནོན་འཕྲུལ་ཆས་ཏུན་ཁྲི6.8ཅན་པོ་དེའི་དགེ་མཚན་འདོན་ཆེད། 2018ལོའི་ཟླ11པར། ཁང་ཐའེ་ཀུང་སི་དང་ཧྲན་དབྱང་ཀྲུང་ཐེ་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སི་གཉིས་ཀྱིས་རྐང་དབང་མཉམ་ཉོ་བྱས་ཤིང་། 2019ལོའི་ཟླ3པར་ཀུང་སིའི་མིང་མཚོ་སྔོན་ཀྲུང་ཐེ་ཆིང་ཏུན་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིར་བསྒྱུར་བ་དང་ཆབས་ཅིག་མ་དངུལ་བཏང་ནས་ཐོན་སྐྱེད་ཀྱི་འགོ་བརྩམས།

ཐེངས་དེར་མཚོ་སྔོན་ཀྲུང་ཐེ་ཆིང་ཏུན་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིས་ནུས་མང་བཙིར་གནོན་ནམ་ཡང་ན་མ་དཔེ་བཟོ་ཆས་ཏུན་ཁྲི6.8ཅན་པོ་བཀོལ་ནས་ཕྱིའི་ཚངས་ཐིག700mmདང་ནང་གི་ཚངས་ཐིག430mmཅན་གྱི་ལྕགས་སྦུགP91དང་ཁ་ཞེང་ཆེ་ཤོས་ཀྱི་སྲུབས་མེད་ལྕགས་རིགས་ཐཱེ་ཡི་ལྕགས་སྦུག་མཐུག་པོ་བཟོས་པ་དང་། P91ལྕགས་སྦུག་གི་རིང་ཚད9mདང་། ལྕགས་རིགས་ཐཱེ་ཡི་ལྕགས་སྤུག་གི་རིང་ཚད6.5mཡིན་པ་རེད། ལྕགས་རིགས་ཐཱེ་ཡི་ལྕགས་སྦུག་དེ་ནི་ད་སྔ་འཛམ་གླིང་ཐོག་ཁ་ཞེང་ཆེས་ཆེ་བའི་ལྕགས་སྦུག་ཡིན་པ་མ་ཟད་འཛམ་གླིང་ཡང་རྩེ་ཡི་ལྕགས་འདོང་བཟོ་ཐུབ་པ་འཕྲུལ་ཆས་རང་ངོས་ནས་ར་སྤྲོད་བྱས་ཡོད་པས་མཚོ་སྔོན་དང་ཐ་ན་རང་རྒྱལ་གྱི་སྒྲིག་ཆས་རྩེ་གྲ་བཟོ་བའི་ལས་ལ་སྐུལ་འདེད་ཐུབ་པར་ལག་རྗེས་མི་དམན་པ་འཇོག་ངེས།

P91ལྕགས་འདོང་གིས་མེ་གློག་དང་ཉིང་གློག་ཁྱབ་ཁོངས་ནས་ནང་འདྲེན་ཐོན་རྫས་ཀྱི་ཚབ་བྱེད་ཐུབ་པས་རྒྱལ་ཁབ་ཀྱི་འབར་རླངས་འཕྲུལ་འཁོར་དར་སྤེལ་ཆེན་པོ་ལ་རམ་འདེགས་བྱ་ཐུབ། ལྕགས་རིགས་ཐཱེ་ཡི་ལྕགས་སྦུག་ནི་དམག་དོན་བཟོ་ལས་དང་མེ་གློག ཉིང་གློག་སོགས་ཁྱབ་ཁོངས་ཀྱི་དྲག་ཆས་མཚོན་ཆའི་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏང་ཐུབ་པ་དང་། སྒྲིག་ཆས་ཀྱི་བདེ་འཇགས་རང་བཞིན་འགན་སྲུང་ཐུབ་ཅེས་མཚོ་སྔོན་ཀྲུང་ཐེ་ཆིང་ཏུན་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ལི་ཏེ་ཆིང་གིས་དེ་ལྟར་ངོ་སྤྲོད་བྱས་བྱུང་ལ། ཀུང་སིས་མ་འོངས་པའི་ལོ་གསུམ་ནང་དུ་ཁ་ཞེང་ཆུང་ངུ་ཅན་གྱི་ཐེ་རྒྱུ་ལྕགས་བསྲེས་མའི་ལྕགས་སྦུག་དང་སྨི་ངོས་སྙོམས་གྲུ་བཞི་མ1མན་འཕྲོ་ཐུབ་པའི་མ་དཔེ་མང་པོ་ཐོན་སྐྱེད་ཐུབ་པ་གཞི་བྱས་ཏེ། ཐོན་རྫས་ཀྱི་ཚད་གཞི་རྒྱལ་ནང་གི་ཡང་རྩེ་དང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་པ་བཟོས་ནས་ལོའི་ཡོང་འབབ་སྒོར་དུང་ཕྱུར10དང་། ཁེ་གཙང་ཡོང་འབབ་སྒོར་དུང་ཕྱུར2རག་ཐུབ་པའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་དང་འབྲེལ་ནས་མཚོ་སྔོན་གྱི་སྒྲིག་ཆས་རྩེ་གྲ་བཟོ་སྐྲུན་གྱི་ཚད་ཤིང་ལྟ་བུའི་ཁེ་ལས་སུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

ཁོན་ཐར་འཚོས་བསྒྱུར།