《མཚོ་སྔོན་གྱི་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སླར་གསོའི་ལམ་ལུགས་ལག་བསྟར་ཇུས་གཞི》དངོས་སུ་བཀྲམ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ 6ཚེས23ཉིན། 《མཚོ་སྔོན་ཞིང་ཆེན་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སླར་གསོའི་ལམ་ལུགས་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་དགོད་རྒྱུ)དངོས་སུ་མང་ཚོགས་ཀྱི་ཁྲོད་དུ་བཀྲམས།《ལག་བསྟར་ཇུས་གཞི》 དེར་སྤྱིའི་དམིགས་འབེན་དང་། ལས་འགན་གཙོ་བོ། འགན་སྲུང་བྱེད་ཐབས་བཅས་ཁག་ཆེན་པོ་གསུམ་དང་བྱེ་བྲག་བྱེད་ཐབས་བཅུ་བདུན་གྱིས་གྲུབ་ལ། གཙོ་བོ་རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་བཟང་པོ་བྱེད་པའི་ལས་གཞི་ཆ་ཡོངས་ནས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྱོན་ཡོངས་སྲུང་སྐྱོབ་དང་། མ་ལག་སླར་གསོ། སྤྱོད་གོ་ཚོད་འཛིན། འགན་དབང་གསལ་འབེབས་ཡོད་པའི་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སླར་གསོའི་ལམ་ལུགས་བཟོ་བར་བཀོད་སྒྲིག་བྱ་ཆེད་རེད།

1998ལོ་ནས་བཟུང་། རང་ཞིང་གིས་རང་བྱུང་ནགས་ཚལ་སྲུང་སྐྱོབ་ཚོད་ལྟའི་ལས་ཀ་འགོ་བརྩམས་ཤིང་། 2000ལོར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ7དང་རྫོང་རིམ་པའི་ལག་བསྟར་ལས་ཁུངས39རུ་རྒྱལ་ཁབ་ཀྱི་སྣོད་བཅུད་ལས་གཞི་གཙོ་ཤོས་རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞི་ཆ་ཡོངས་ནས་གཉེར་འགོ་བརྩམས་ཏེ་རང་བྱུང་ནགས་ཚལ་སྲུང་སྐྱོབ་ཀྱི་དུས་བཅད་དང་པོའི་ལས་གཞི(2000ལོ་ནས2010ལོའི་བར)དང་དུས་བཅད་གཉིས་པའི་ལས་གཞི(2011ལོ་ནས2020ལོའི་བར)གཉིས་སྔ་ཕྱིར་ལག་བསྟར་བྱས། ལས་གཞི་དེ་དག་གཙོ་བོ་རང་ཞིང་གི་རྨ་ཆུ་དང་དེའི་ཡན་ལག་གི་འབབ་རྒྱུད། འབྲི་ཆུ་དང་རྫ་ཆུ་གཉིས་ཀྱི་ས་ཁོངས་ཕྱིའི་འབབ་རྒྱུད། ཚྭ་འདམ་གཤོང་ཁུལ་གྱི་སྤྱི་ཆིངས་ཁྲི592ཟིན་པའི་རང་བྱུང་ནགས་ཚལ་བཅས་སུ་ཁྱབ་ཅིང་། ཞིང་ཆེན་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་ཡོངས་ཀྱི98.4%ཟིན་པ་དང་། ནགས་ཚལ་ཐོན་ཁུངས་ཀྱི་གྲུབ་ཆ་གཙོ་བོ་དང་ཡང་སྙིང་། མཚོ་བོད་མཐོ་སྒང་གི་སོན་རྫས་རྒྱུད་རྒྱུ་མཛོད། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་བཅས་སུ་གྱུར་ནས་ཆུའི་ཐོན་ཁུངས་གསོག་ཉར་དང་རླུང་འགོག་ཕྱེ(ས)འཇགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ལོ་ངོ20ལྷག་གི་རིང་ལ། ནགས་ཁུལ་དེ་དག་གི་གསར་སྐྱེས་ནགས་ཤིང་གི་སྣ་ཁ་མང་ཞིང་། སྐྱེ་ཁམས་ཁོར་ཡུག་རྣམ་པ་ཇེ་ལེགས་སུ་སོང་བ་མ་ཟད། རྨང་གཞི་སྒྲིག་ཆས་ཆ་ཚང་ཞིང་། སྤྱི་ཚོགས་ཡར་རྒྱས་བྱུང་ནས་འཆམ་མཐུན་ཁྲི་འཇགས་ཀྱི་རྣམ་པ་བཟང་པོ་མངོན་པས། རང་ཞིང་གི་ནགས་ཚལ་ཐོན་ཁུངས་ཀྱི་རྒྱ་ཁྱོན་དང་གསོག་འཇོག་གཉིས་ཀྱི་ཆ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།

དངོས་སུ་བཀྲམ་པའི《ལག་བསྟར་ཇུས་གཞི》ཡི་ནང་དུ། དང་པོ་སྲུང་སྐྱོབ་མ་ལག་ཆ་ཚང་བ་གཟུགས་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོ། མཚོ་སྔོན་པོའི་མཐའ་འཁོར། ཚྭ་འདམ་གཤོང་། རྨ་ཙོང་ལུང་ཁོག་བཅས་སྣོད་བཅུད་བྱེད་ནུས་ཁྱབ་ཁོངས་ཆེན་པོ་ལྔའི་རང་བྱུང་ནགས་ཚལ་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱ་དགོས་ཤིང་། དེ་སྲུང་བ་ལ་སྣོད་བཅུད་སྲུང་སྐྱོབ་ཀྱི་མ་མཐའི་སྲུང་ཐིག་དང་རྒྱལ་ཁབ་སྤྱི་གླིང་། རང་བྱུང་སྲུང་སྐྱོབ་ས་མཚམས་དབྱེ་འབྱེད། ས་གནས་ཀྱི་ཚོད་འཛིན་རང་བཞིན་གྱི་འཆར་འགོད་སོགས་གཞིར་བཟུང་ནས་ནགས་ཚལ་གལ་ཆེན་ཁག་གི་སྲུང་སྐྱོབ་ས་ཁོངས་གཏན་ལ་འབེབས་དགོས་པ་དང་། དེ་དང་འབྲེལ་ནས་རང་ཞིང་གི་ནགས་ཁུལ་ཆེན་པོ་དགུའི་རིག་ནུས་འགོག་འཛིན་མ་ལག་བཙུགས་ཏེ་ལྟ་སྐྱོང་དང་མེ་ཟོན། སྐྱེ་དངོས་འཚེ་བ་ཅན་འགོག་བཅོས། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ལ་སོགས་དེང་རབས་ཅན་གྱི་རྨང་གཞི་སྒྲིག་ཆས་སྒྲིག་སྦྱོར་ཐད་རྒྱུ་ཤུགས་བཏོན་ནས་སྣོད་བཅུད་ལྟ་སྐྱོང་བ་གསོ་སྐྱོང་དང་ལས་ཀར་དཔྱད་ཞིབ། ལས་ཀའི་ཕན་ཕྱོད་ལ་སོགས་ཀྱི་དོ་དམ་དང་སྤྱི་དོམ་གྱི་ནང་རྐྱེན་ལམ་ལུགས་ཆ་ཚང་བ་གཟུག་དགོས། གཉིས་པ་ནས་གཅུན་སྡོམ་ལམ་ལུགས་ལག་བསྟར་གཟབ་ནན་བྱ་དགོས། རང་བྱུང་ནགས་ཚལ་ལས་ཉོ་ཚོང་རང་བཞིན་གྱི་ཤིང་གཅོད་དང་དེའི་ཁོར་ཡུག་ལ་གཏོར་བརླག་བཟོ་མཁན་གྱི་བྱ་སྤྱོད་ངན་པ་གཏན་འགོག་དང་། ནགས་ཚལ་དུ་ཕྱུགས་འཚོ་མི་ཆོག་པ་དང་། ཡང་ན་རེས་མོས་ངང་འཚོ་ཆོག་པའི་བྱེད་ཐབས་ལ་ཤུགས་བསྣན་་ཏེ། ཁྲིམས་སྲོལ་ཀྱི་གཏན་འབེབས་ལྟར་རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་ལེགས་པོ་བྱ་དགོས་པ་སྤྱི་དང་། ནང་སྒོས་སུ་རང་བྱུང་ནགས་ཚལ་གྱི་སྤྱོད་སྒོ་གཞན་ལ་བསྒྱུར་བར་ནན་འགོག་གཏན་འགོག་བྱ་དགོས། གསུམ་པ་ནས་སྐྱེ་ཁམས་སླར་གསོའི་ལས་ཀ་ཕྱོགས་ཡོངས་ནས་སྤེལ་དགོས། ཐོག་མར་རང་རེའི་ཞིང་ཆེན་གྱི་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སླར་གསོ་འཆར་འགོད་བཟོས་ཏེ་ནགས་ཚལ་ཉམས་ཞན་ཆེ་ས་དག་སྣོད་བཅུད་སླར་གསོའི་ཁྱབ་ཁོངས་སུ་ལེན་དགོས་པ་དང་། ནགས་སྲུང་ལ་ཕན་པའི་སྐྱེ་ཁམས་ཁྱམས་ར་བཏོད་དེ་གཙང་ཆབ་ཆེན་པོའི་ཡན་ལག་གི་འབབ་རྒྱུད་དང་སྣོད་བཅུད་ཉམས་ཞན་ཁུལ་གྱི་སྐྱེ་ཁམས་སླར་གསོ་ལ་ཤུགས་བསྣན་དགོས། རི(ཕྱེ)རྒྱ་བསྡམས་ནས་ནགས་ཚལ(རྩྭ)གསོ་བ་དང་། ནགས་འདེབས་གསབ་འཛུགས། སྡོང་ཕྲུག་གསོ་སྐྱོང་ལ་སོགས་མིའི་ཐབས་ཀྱིས་རང་བྱུང་སླར་གསོ་བྱ་བ་དང་ཡང་ན་སྐྱེ་ཁམས་ཕྱོགས་བསྡུས་སླར་གསོ་སོགས་བྱེད་ཐབས་སྤྱད་དེ་རང་བྱུང་ནགས་ཚལ་གྱི་སྤུས་ཀ་མཐོར་འདེགས་སུ་གཏང་དགོས། ས་མཐོའི་འཁྱགས་སར་ཆགས་པའི་་རང་བྱུང་ནགས་ཚལ་སྲུང་སྐྱོབ་སྐོར་གྱི་ལག་རྩལ་ལ་ཆེད་དུ་ཞིབ་འཇུག་བགྱིས་ཏེ་སྲུང་སྐྱོབ་སླར་གསོའི་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་པའི་རང་བྱུང་ནགས་ཚལ་གྱི་གྲངས་མཛོད་གཟུག་དགོས། བཞི་བ་ནས་ལྟ་ཞིབ་དོ་དམ་ནན་མོ་བྱ་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོབ་སླར་གསོ་བྱས་པའི་ལས་ཀའི་ཕན་ཕྱོད་སྐོར་དཔྱད་ཞིབ་དང་ལྟ་སྐུལ་གྱི་གྲས་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་བྲལ་རྩིས་བཤེར་དང་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་འཇོག་གི་གྲས་སུ་བཞག་སྟེ། རང་བྱུང་ནགས་ཚལ་ཐོན་ཁུངས་ལ་འཚེ་བའི་འགན་འཁྲི་ཚེ་གང་འཁུར་དགོས་པའི་ལམ་ལུགས་གཟུག་དགོས། བདག་སྐྱོང་ལས་ཁུངས་ཀྱི་ཕྱོགས་བསྡུས་ཕན་ཕྱོད་དཔྱད་ཞིབ་དང་སྲུང་སྐྱོབ་སླར་གསོའི་ལས་ཕྱོད་དཔྱད་འཇོག ལྟ་སྐུལ་ཐག་གཅོད་ལ་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ། ཉེན་ཁར་འཕྲད་པའི་ཞུ་གཏུག་ཆེད་པར་དང་སྤྱི་སྟེགས་བཙུགས་ཐོག  སྐྱེ་ཁམས་ཁོར་ཡུག་གཏོར་བརླག་ལ་སྐྱིན་ཚབ་འཇལ་དགོས་པའི་ལམ་ལུགས་སྐོར་སྤྱི་ཚོགས་ཡིད་རྟོན་ཆ་འཕྲིན་དོ་དམ་གཏན་འབེབས་ཀྱི་ནང་དུ་ལེན་དགོས་པ་སོགས་ཀྱི་བླང་བྱ་བཏོན་འདུག

ཞིང་ཆེན་ནགས་རྩྭ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨན་ཀོང་གིས་བཤད་པ་ལྟར་ན། 2020ལོ་ནི་རང་བྱུང་ནགས་ཚལ་སྲུང་སྐྱོབ་ཀྱི་དུས་བཅད་གཉིས་པའི་ལས་གཞི་མཇུག་བསྡུ་བའི་ལོ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་སླར་གསོ་ལམ་ལུགས་འཐུས་ཚང་དང་བཅོས་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་བའི་གནད་འགག་གི་ལོ་ཞིག་ཡིན། ནགས་ལས་སྡེ་ཚན་གྱིས《ལག་བསྟར་ཇུས་གཞི》ནང་ལྟར། རང་བྱུང་ནགས་ཚལ་སྲུང་སྐྱོང་གི་དུས་བཅད་གཉིས་པའི་ལས་གཞིའི་ལག་བསྟར་ཇུས་གཞི་ལག་ལེན་དུ་བསྟར་ཚུལ་ལ་སྤྱི་སྡོམ་དང་དཔྱད་འཇོག་བཟང་པོ་བྱ་དགོས་པ་དང་། རང་ཞིང་གི་རང་བྱུང་ནགས་ཚལ་ཐོན་ཁུངས་ཀྱི་མ་གཞི་ལྟ་བུའི་གྲངས་མཛོད་བཙུགས་ཏེ། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་དག་གི་ས་ཁོངས་གཏན་འཁེལ་དང་། སྲུང་སྐྱོབ་སླར་གསོ་ཐད་འཆར་འགོད་དང་ལག་བསྟར་ཇུས་བཟོ་ལ་སོགས་རང་བྱུང་ནགས་ཚལ་སྲུང་སྐྱོབ་སླར་གསོ་ལམ་ལུགས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཁོན་ཐར་འཚོས་བསྒྱུར།