རིག་གནས་ཡུལ་སྐོར་བྱེད་སྒོ80ཡིས་མཚོ་སྔོན་གྱི་འཛད་སྤྱོད་ལ་ཚ་རླབས་འཕྱུར་དུ་བཅུག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་དང་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་གསར་འགྱུར་སྒྲོག་སྤེལ་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། ཟླ6པ་ནས་ཟླ10པའི་བར། རང་ཞིང་གི“རྨ་ཆུ་དང་ཙོང་ཆུའི་རིག་གནས”ཞེས་པའི་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་བྱ་འགུལ་དེ་མི་འགྱངས་པར་ཞིང་ཆེན་ཧྲིལ་བོའི་མངའ་ཁོངས་སུ་འགོ་བརྩམ་རྒྱུ་རེད་ལ། བྱེད་སྒོ83གྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལ་གསོན་ཤུགས་བསྣན་ནས་འཛད་སྤྱོད་ལ་ཚ་རླབས་གསར་བ་ཞིག་འཕྱུར་རྒྱུ་རེད།

ཟླ6ཚེས25ཉིན། “རྨ་ཆུ་དང་ཙོང་ཆུའི་རིག་གནས”ཞེས་པའི་དམངས་ཕན་འཛད་སྤྱོད་དུས་ཚིགས་དང་འབྲས་ཆན་གྱི་དྲི་བསུང་སྤྲོ་སྐྱིད་ཀྱི་འཚོ་བ་ཞེས་པའི་ལྔ་པའི་ཚེས་ལྔའི་འཛད་སྤྱོད་འགོ་ཚིགས་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་གྱི་ཞིན་ཉིང་ཐང་ཆེན་དུ་སྤེལ་རྒྱུ་རེད་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་བརྗོད་དོན་གཅིག་དང་དུས་ཚོད་གཅིག་གི་ནང་འཛད་སྤྱོད་དུས་ཚིགས་འགོ་བརྩམ་རྒྱུ་ཡིན་པ་རེད། འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་ཙོང་ཆུའི་ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་ས་ཁུལ། གཙག་དྲུབ་དང་པད་འདབ་ཐུམ་སྒྲིལ་འགྲེམས་སྟོན་ས་ཁུལ། ཞིན་དབྱང་སྤོས་ཁུག་འགྲེམས་སྟོན་ས་ཁུལ། ཡུལ་སྐོར་དམངས་ཕན་སྒོ་རྩིས་ས་ཁུལ་སོགས་འགྲེམས་སྟོན་ས་ཁུལ་མི་འདྲ་བ11ཡོད་ཅིང་། རང་ཞིང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་གསལ་བོ་བྱས་པ་མ་ཟད། དྲ་རྒྱའི་ཐད་གཏོང་ལས་དངོས་ཟོག་ཉོ་འཚོང་གིས་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད། དེ་མིན“རབ་མཛེས་མཚོ་སྔོན། ཡུལ་སྐོར་གྱི་གནས་མཆོག”ཅེས་པའི་དྲིལ་སྒྲོག་གི་མཚན་སྙན་བསྟོད་རྒྱུ་རེད།

ཐེངས་འདིའི་བྱ་འགུལ་ཟླ6པ་ནས་ཟླ10པའི་བར་རྒྱུན་བསྲིང་རྒྱུ་རེད་ལ། བྱ་འགུལ་གྱི་སྐབས་སུ་དྲ་ལམ་འཛད་སྤྱོད་བྱེད་སྒོ་ལ་གཙོ་བོར་འགུག་ཤུགས་ཆེ་བའི་ཀྲུང་གོ་རིག་གནས་དང་ཡུལ་སྐོར་ཆེན་མོ་ཞེས་པའི་མཚོ་སྔོན་གྱི་ཆེད་དོན་ཐད་གཏོང་བྱེད་སྒོ་དང་སྨྱན་སྦྱོར་གསར་པའི་ཐད་གཏོང་དངོས་ཟོག་ཕྱིར་འཚོང་བྱེད་སྒོ། རབ་མཛེས་མཚོ་སྔོན། ཡུལ་སྐོར་གྱི་གནས་མཆོག མཚོ་སྔོན་གྱི་དུས་ཚིགས་ཧྲིལ་བོའི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་སོགས་བྱེད་སྒོ་མི་འདྲ་བ9ལྷག་ཡོད། དེ་ཡང་གཙོ་བོ་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོའི་སྐབས་སུ་མགྱོགས་འཕྲིན་དང་ཕེན་ཏོ་ཏོ་སོགས་དྲ་ལམ་སྟེགས་བུར་བརྟེན་ནས། དྲ་གྲགས་གདན་འདྲེན་སྒོས་མཚོ་སྔོན་དུ་བསྐྱོད་པ་དང་ཁེ་ལས་ལ་ཕྱོགས་པ། དྲ་ལམ་ཐད་གཏོང་གིས་དངོས་ཟོག་ཉོ་འཚོང་བྱེད་པའི་རྣམ་པ་ལ་བརྟེན་ནས། མཐོ་སྒང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་གཞིར་བཟུང་སྟེ། མཐོ་སྔོན་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཀྱི་གསར་གཏོད་ཁྱད་ལྡན་ཐོན་རྫས་སོགས་ཕྱོགས་མང་པོའི་ཐད་ལ་འོས་སྦྱོར་འགྲེམས་སྟོན་དང་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱས་པ་མ་ཟད། དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་ལ་རོགས་འདེགས་ངེས་ཅན་ཞིག་བྱས་ཡོད་པ་རེད།

དྲ་ཕྱིའི་བྱ་འགུལ་ལྔ་པའི་ཚེས་ལྔའི་འཛད་སྤྱོད་སྐབས་སྤེལ་རྒྱུ་རེད་ལ། རབ་མཛེས་མཚོ་སྔོན། ཡུལ་སྐོར་གྱི་གནས་མཆོག་མཚོ་སྔོན་དང་ཀན་སུའུ་གཉིས་ཀྱི་མཚོ་སྐོར་ལམ་ཐིག་ཆེན་མོ་གཞིར་བཟུང་སྟེ་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཤར་གཏོང་བྱེད་པ་དང་། སྐབས་གཉིས་པའི་རྒྱལ་ཡོངས་ཡུལ་སྐོར་ཁང་བརྒྱ་ཕྲག་ལྷག་དང་ཏ་ཁ་མཚོ་སྔོན་རིག་གནས་ཡུལ་སྐོར་ཐོན་རྫས་ཉོ་འཚོང་བསམ་བློ་བརྗེ་སྤེལ་གྲོས་ཚོགས། རྨ་ཆུ་དང་ཙོང་ཆུའི་རིག་གནས་ཀྱི་ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་བྱ་འགུལ། སྐབས་དང་པོའི་མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་དངོས་རྫས་འགྲེམས་སྟོན་དང་། རྨ་ཆུའི་འབབ་རྒྱུད་ཞིང་ཆེན་དགུའི་མངའ་ཁོངས་ཀྱི་གཙག་དྲུབ་སྒྱུ་རྩལ་འགྲེམས་སྟོན་ཆེན་མོ་སོགས་བྱེད་སྒོ་མི་འདྲ་བ18སྤེལ་ནས། བསམ་བློ་བརྗེ་རེས་ལ་སྐུལ་འདེད་དང་མཉམ་འབྲེལ་འཆམ་མཐུན་ལ་གྲོས་སྡུར། ཐོན་རྫས་ཉོ་བསྡུ། དམངས་ཕན་འཁྲབ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་ཡོད།

བྱ་འགུལ་གྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་བྱེད་སྒོ་མི་འདྲ་བ40གཙོར་བཟུང་སྟེ། མཚོ་སྐོར་ལྕགས་རྟའི་འགྲན་སྡུར་དང་ཡུལ་སྐོར་འོས་སྦྱོར། རིག་གནས་ཡུལ་སྐོར་དམངས་ཕན་འཛད་སྤྱོད་བྱེད་སྒོ། ཡུལ་སྐོར་རིག་གནས་གསར་གཏོད་ཇུས་འགོད་འགྲན་སྡུར་ཆེན་མོ། ཡུལ་སྐོར་བརྙན་རིས་འགྲན་སྡུར་སོགས་བྱ་འགུལ་སྟེ། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་བྱ་བའི་ཐུན་མིན་འགུག་ཤུགས་འགྲེམས་སྟོན་སྒོས་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ལ་སྣེ་ཁྲིད་སྒོས་ཡུལ་སྐོར་བ་དག་རིག་གནས་ཡུལ་སྐོར་བྱ་འགུལ་ཁྲོད་དངོས་སུ་ཞུགས་ནས་ཉམས་ཞིབ་བྱེད་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།