མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང24བ)

ལྔ་བའི་བ་བཞིའི་དུས་ཆེན་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་པ་དང་། གཅིག་འདུས་རང་བཞིན་གྱི་རིམས་ནད་འབྱུང་བར་སྔོན་འགོག་ནན་མོ་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གཞུང་དོན་ཁང་གི་འབྲེལ་ཡོད་བླང་བྱ་ལྟར་དུ། ད་ལྟ་འབྲེལ་ཡོད་གནས་ཚུལ་གྱི་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མིག་སྔའི་རིམས་འགོག་གི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། དཀའ་ཚེགས་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ཐོབ་པར་དཀའ་བའི་འགོག་སྲུང་གྲུབ་འབྲས་ལ་གཅེས་སྤྲས་དང་འགོག་སྲུང་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། རྣམ་གཡེང་གི་བསམ་བློ་དང་སུན་སྣང་གི་བསམ་པ། སྟེས་དབང་གི་སེམས་ཁམས། ལྷོད་གཡེང་གི་བསམ་པ་བཅས་ཁྱད་དུ་བསལ་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དམ་འཛིན་གང་ལེགས་བྱ་དགོས། བསམ་བློ་དང་འགན་འཁྲི། བྱེད་ཐབས། བྱ་བ་བཅས་ལྷོད་གཡེང་དུ་མི་གཏོང་བར། སྔོན་གྱི་བྱ་བའི་རྨང་གཞིའི་སྟེང་རིམས་འགོག་གི་ཆད་ལུས་ལ་ཡང་བསྐྱར་རྩད་ཞིབ་དང་འགོག་སྲུང་གི་གཙོ་གནད་སྔར་ལས་སྲ་བརྟན་དུ་གཏོང་བ། འགོག་སྲུང་རེ་བ་ཡང་བསྐྱར་དངོས་འབེབ་བྱས་ནས། འགོག་སྲུང་གི་ཞན་ཆ་ཁ་གསབ་དང་ཟོལ་མེད་ཀྱིས་རིམས་ནད་ཀྱི་འགོས་ལམ་གཅོད་པ་དང་། རྒྱུན་ཆད་མེད་པར་རིམས་འགོག་བྱ་བ་བསྟུད་མར་ཇེ་བཟང་དུ་འགྲོ་བའི་གནས་བབ་སྲ་བརྟན་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་བདེ་ཐང། དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་སླར་གསོ་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱ་དགོས།

གཉིས། མཉམ་འགོག་མཉམ་སྡོམ་གྱི་བྱེད་ཐབས་ཞིབ་ཏུ་དངོས་འབེབ་བྱ་དགོས། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་བྱས་ཏེ། རིམ་པ་སོ་སོ་དང་རིགས་སོ་སོའི་སྨན་བཅོས་ལས་ཁུངས་ཀྱིས་ཞིབ་བཤེར་ཚད་འཇལ་དང་སྨན་ཁང་ནང་ནས་ནད་འགོ་བར་ཚོད་འཛིན་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། ཚོང་རའི་ལྟ་རྟོག་དོ་དམ་སྡེ་ཁག་གིས་ཚོང་གཉེར་སྡེ་ཁག་གི་འགན་འཁྲི་གཙོ་བོ་དང་འགོག་སྲུང་བྱེད་ཐབས་དངོས་འབེབ་བྱེད་པར་སྐུལ་མ་གཏོང་བ་དང་། ཟས་རིགས་བདེ་འཇགས་ཀྱི་དཔང་ཡིག་ལེན་པ་དང་དངོས་ཟོང་ནང་འདྲེན་གྱི་ཞིབ་བཤེར་ཐོ་འགོད། ཕྱིར་འཚོང་གི་རྩིས་ཐོ་ཉར་འཇོག་བྱེད་པ་སོགས་ཀྱི་ལམ་ལུགས་དངོས་འབེབ་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་རྩད་ཞིབ་བྱ་དགོས། ཞིང་ལས་ཞིང་སྡེ་སྡེ་ཁག་གིས་ཕག་དང་ནོར་ལུག ཁྱིམ་བྱ། བྱ་གག་སོགས་ཀྱི་བཤའ་ལས་དོ་དམ་ལ་ཤུགས་སྣོན་པ་དང་། ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚོང་རའི་སྒོ་ཕྱུགས་ཀྱི་ཕྱིར་འཚོང་བྱ་སྤྱོད་ཚད་ལྡན་ཡོང་བར་བྱས་ཏེ། ཚོང་རར་ཕྱིར་འཚོང་བྱེད་པའི་ཞིང་ཞོར་ཐོན་རྫས་ཀྱི་ཡོང་ཁུངས་ལ་ཡིད་རྟོན་རུང་བ་དང་རྒྱུ་སྤུས་བདེ་འཇགས་ལ་འགན་སྲུང་བྱ་དགོས། ནགས་ལས་སྡེ་ཁག་གིས་རི་སྐྱེས་སྲོག་ཆགས་དང་དེ་འབྲེལ་ཐོན་རྫས་ཀྱི་ལྐོག་འཚོང་དང་ལས་སྣོན་བྱ་སྤྱོད་ལ་ཆམ་ཕབ་ནན་མོ་གཏང་དགོས། ཚོང་དོན་སྡེ་ཁག་གིས་ཚོང་རའི་ལྟ་ཞིབ་ཚད་འཇལ་ལ་ཤུགས་སྣོན་བྱས་ཏེ། འབྲུ་རིགས་དང་བཟའ་སྣུམ། ཤ་རིགས། སྒོ་ང་། སྔོ་ཚོད། འོ་མ་སོགས་འཚོ་བའི་རྒྱུན་མཁོའི་ཐོན་རྫས་ཀྱི་མཁོ་འདོན་འདང་ཚིམས་པ་དང་རིན་གོང་གཏན་འཇགས་ཡོང་བ། སྒྲིག་ལམ་ལྡན་པ་བཅས་ལ་འགན་སྲུང་བྱ་དགོས། སློབ་གསོ་སྡེ་ཁག་གིས་རིམས་འགོག་ཚད་གཞི་དང་བླང་བྱ་དམ་འཛིན་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་རིམས་འགོག་བྱེད་ཐབས་ཀྱི་ཕྱོགས་ལྔའི་འགན་འཁྲི་དངོས་འབེབ་བྱས་ནས། མཐའ་གཅིག་ཏུ་སློབ་རའི་ནང་དུ་རིམས་ནད་འབྱུང་བར་སྔོན་འགོག་བྱ་དགོས།

གསུམ། གཅིག་འདུས་རང་བཞིན་གྱི་རིམས་ནད་འབྱུང་བར་སྔོན་འགོག་བྱ་དགོས། ཤུགས་ཆེན་པོས་སྟབས་བདེ་དཔལ་ཡོན་དང་བདེ་ཐང་འཕྲོད་བསྟེན་གྱི་སྤྲོ་གསེང་བྱེད་ཐབས་དར་སྤེལ་བྱས་ཤིང་། ལྔ་པའི་བ་བཞིའི་དུས་ཆེན་སྐབས་སུ་གང་ནུས་ཀྱིས་ཞིང་ཆེན་བརྒལ་བའི་གནས་སྐོར་མི་བྱེད་པ་དང་། གཅིག་འདུས་རང་བཞིན་གྱི་འདུ་ཚིགས་བྱ་འགུལ་ཇེ་ཉུང་དུ་གཏང་དགོས། རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་དག་དགོས་པ་ཆེར་མེད་ན་རྒྱལ་ནང་གི་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་བྱ་བ་བསྒྲུབ་པ་དང་། ངལ་གསོ་བྱེད་པ། གཉེན་ཉེ་ལ་སྐོར་རྒྱག་པ། གྲོགས་པོར་ཁམས་འདྲི་བྱེད་པ་སོགས་སུ་འགྲོ་མི་རུང་། གལ་ཏེ་ངེས་པར་དུ་འགྲོ་དགོས་ཚེ་སྔ་མོ་ནས་སྡོད་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། ལས་ཁུངས་བཅས་སུ་སྙན་ཞུ་བྱས་ཏེ་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས། ཕྱིར་མཚོ་སྔོན་དུ་ལོག་རྗེས། འབྲེལ་ཡོད་ཀྱི་རིམས་ནད་འགོག་སྲུང་བྱེད་ཐབས་དངོས་འབེབས་བྱ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ་དང་གད་སྙིགས་ཀྱི་རིགས་དགར་བ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་སྲུང་འཛིན་བྱེད་པ། ཁ་ཟས་མཉམ་སྤྱོད་མི་བྱེད་པ། ནད་སྟོན་པར་དྲ་ཐོག་ནས་ཁ་ཆད་བྱེད་པ་སོགས་བདེ་ཐང་དཔལ་ཡོན་གྱི་བྱེད་ཐབས་དང་འཚོ་བའི་གོམས་སྲོལ་བཟང་བོ་རྒྱུན་འཁྱོངས་བྱ་དགོས། གལ་ཏེ་ཚ་རྒྱས་པ་དང་ཐང་ཆད་པ། སྐམ་ལུ་བྱེད་པ་སོགས་ཀྱི་ནད་རྟགས་བྱུང་ན། མྱུར་དུ་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་པའི་གནས་ཚུལ་འོགདུས་ཐོག་ཏུ་ཐག་ཉེ་སའི་གཏན་འཁེལ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱ་དགོས།

བཞི། གནད་འགག་ས་ཆའི་རིམས་ནད་འགོག་སྡོམ་ལ་ཤུགས་སྣོན་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དུས་ཆེན་སྐབས་ཀྱི་རིམས་ནད་འགོག་སྡོམ་འཚུབ་ཟློག་བྱེད་ཐབས་དང་ཐག་གཅོད་བརྒྱུད་རིམ་གཏན་ཁེལ་གསལ་བོ་བྱེད་པ་དང་། འཚུབ་ཟློག་འཁྲབ་སྦྱོང་ལ་ཤུགས་བསྣན་ནས། ལག་བསྟར་བྱེད་ཆོག་པར་ཁག་ཐེག་བྱེད་པ་དང་དུས་ཐོག་ཏུ་རིགས་མི་འདྲ་བའི་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་དགོས། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོགཚོང་ཁང་དང་ཞིང་ལས་ཐོན་རྫས་ཚོང་ར། མགྲོན་ཁང་། ཟ་ཁང་སོགས་འཚོ་བའི་ཞབས་ཕྱིའི་རིགས་ཀྱི་ཡུལ་གནས་ཀྱི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་དང་། མཁའ་དབུགས་སྙོམས་སྒྲིག་འཕྲུལ་ཆས་ཡང་དག་པར་བཀོལ་སྤྱོད་བྱེད་པ། ཁོར་ཡུག་གཙང་དག་དུག་སེལ་དང་བྱ་བའི་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱ་བ་བཟང་བོར་བསྒྲུབ་དགོས། སྤྱི་གླིང་དང་གནས་སྐོར་ལྗོངས་རྒྱུ་ཁུལ་སོགས་བྱ་འགུལ་ཡུལ་གནས་སུ། གྲངས་ཀ་ཚད་འཛིན་དང་སྔོན་དུ་གྲོས་བྱེད་པ། དུས་ཚོད་བསྣོལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མི་མང་འདུ་ཚད་ཇེ་ཉུང་དུ་གཏོང་བ་དང་ཁོར་ཡུག་ལ་གཙང་སྦྲ་བཟང་བོ་བྱ་དགོས། རྩེད་འཇོ་ཁང་དང་དྲ་ཁང་སོགས་རྩེད་འཇོའི་ཡུལ་གནས་ཀྱི་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་མིའི་གྲངས་ཀ་ཚོད་འཛིན། རྩེད་འཇོར་རོལ་བའི་དུས་ཚོད། རླུང་རྒྱུ་དུག་སེལ་སོགས་ཀྱི་བྱེད་ཐབས་ཇེ་དྲག་ཏུ་གཏང་དགོས། ཁེ་ལས་དང་སྦྲག་སྲིད་མྱུར་སྐྱེལ་ལས་རིགས། ལས་ཁུངས་དོན་ལས་སོགས་སྡེ་ཁག་གིས་མི་སྣའི་འགྲོ་འོང་དོ་དམ་དང་མི་སྣའི་འགོག་སྲུང་། བདེ་ཐང་ལྟ་ཞིབ་ཚད་ལེན། ཉིན་རྒྱུན་གྱི་དུག་སེལ་སོགས་འགོག་སྲུང་བྱེད་ཐབས་ལག་བསྟར་ནན་མོ་བྱ་དགོས། སློབ་གྲྭ་དང་བུ་བཅོལ་ལས་ཁུངས་ཀྱིས་འཚུབ་ཟློག་ཇུས་གཞི་དང་འགོག་སྲུང་དངོས་པོ་ཉར་གསོག སློབ་ཁང་དང་ཉལ་ཁང་གི་ཁོར་ཡུག་གཙང་སྦྲ་དང་དུག་སེལ་བྱ་བ་ལེགས་པོར་བསྒྲུབ་པ་དང་། ནད་ཀྱི་དབང་གིས་སློབ་གྲྭར་ཞུགས་མ་ཐུབ་པ་སོགས་ཀྱི་དོ་དམ་ལ་ཤུགས་སྣོན་པ། ཞོགས་པ་དང་ཉིན་གུང་གི་བརྟག་དཔྱད་དང་ཉིན་རེའི་སྙན་ཞུ། ནད་པ་གཅིག་ཀྱང་མེད་པའི་སྙན་ཞུ་ལམ་ལུགས་བཅས་ལག་བསྟར་ནན་མོ་བྱ་དགོས། ལོ་ལོན་དང་བྱིས་པ། སྦྲུམ་མ། དབང་བོ་སྐྱོན་ཅན་སོགས་མི་ཚོགས་གཙོ་བོས་ཁ་ཐུམ་རྒྱག་པ་དང་ཉིན་རྒྱུན་དུ་ལག་པ་འཁྲུ་བ། ལག་ཤུབས་གོན་པ་སོགས་ཀྱི་མི་སྒེར་གྱི་འགོག་སྲུང་བྱེད་ཐབས་ལག་བསྟར་བཟང་བོ་བྱ་དགོས།

ལྔ། ཉིང་སྐྱུར་ཞིབ་དཔྱད་ལ་ཤུགས་སྣོན་དགོས། དོགས་ཡོད་དང་ངེས་གཏན་ནད་པར་འབྲེལ་ཐུག་བྱེད་མཁན་དང་། ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་ནད་པ། ཕྱི་རྒྱལ་ནས་ཡོང་བའི་མི་སྣ། ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་ཡུལ་སྐོར་ལ་སོང་བའི་མི་སྣ་བཅས་ལ་གཅིག་ཀྱང་མ་ལུས་པར་ཉིང་སྐྱུར་ཞིབ་དཔྱད་བྱས་ཏེ། རྗེས་སྙེག་དོ་དམ་དང་བདེ་ཐང་སྙེག་འདྲི་ཞབས་ཕྱིའི་བྱ་བ་ལེགས་པོར་བསྒྲུབ་དགོས། ཉེ་བའི་ཉིན་བཅུ་བཞིའི་རིང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་ཡུལ་སྐོར་ལ་སོང་རྗེས་མཚོ་སྔོན་དུ་ཡོང་བ་དང་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣར་སྡོད་ཁུལ་བདེ་ཐང་དོ་དམ་དོན་འཁྱོལ་བྱས་ཏེ། བདེ་ཐང་འདྲི་བརྟག་དང་ཡིད་རྟོན་བདེ་ཐང་ཨང་གྲངས་ལ་དཔྱད་བཤེར་བྱ་དགོས་པ་དང་། མཚོ་སྔོན་དུ་ཐོན་པའི་ཉིན་ནས་བཟུང་ཉིང་སྐྱུར་ཞིབ་དཔྱད་བྱ་དགོས་པར་མ་ཟད། བདེ་ཐང་དོ་དམ་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཉིང་སྐྱུར་ཞིབ་དཔྱད་ཀྱི་མཇུག་འབྲས་རྒྱུན་ལྡན་མིན་ཚེ་དུས་ལྟར་ལོགས་བཀར་སྨན་བཅོས་བྱ་དགོས་ལ། དོགས་ཡོད་དང་ཡང་ན་ངེས་གཏན་ནད་པ། ནད་རྟགས་མེད་པའི་ནད་འགོས་མཁན་བཅས་ལ་འབྲེལ་ཐུག་ཟབ་མོ་བྱས་ཀྱང་ཉིང་སྐྱུར་ཞིབ་དཔྱད་ཀྱི་མཇུག་འབྲས་རྒྱུན་ལྡན་ཡིན་པའི་མི་སྣ་ཉིན་བཅུ་བཞིའི་རིང་གཅིག་བསྡུས་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱ་དགོས། ཉིང་སྐྱུར་ཞིབ་དཔྱད་ཀྱི་མཇུག་འབྲས་རྒྱུན་ལྡན་ཡིན་མཁན་གཞན་དག་ལ་ལས་ཁུངས་དང་སྡོད་ཁུལ་གྱིས་བདེ་ཐང་དོ་དམ་ལ་ཤུགས་བསྣན་ནས། ཉིན་བཅུ་བཞིའི་རིང་བདེ་ཐང་ལྟ་ཞིབ་དང་སྒེར་གྱི་འགོག་སྲུང་ལ་ལྟ་སྐུལ་བྱ་དགོས་ཤིང་། གལ་ཏེ་ཚ་རྒྱས་པ་དང་། དབུགས་ལམ་དང་དོགས་ཡོད་ཀྱི་ནད་རྟགས་གཞན་པ་བྱུང་ཚེ་དུས་ལྟར་སྨན་བཅོས་བྱ་དགོས། ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་མཚོ་སྔོན་ལ་ཡོང་བ་དང་མཚོ་སྔོན་ལ་ཕྱིར་ལོག་པའི་མི་སྣས་ཉིན་བདུན་གྱི་ནང་ཉིང་སྐྱུར་ཞིབ་དཔྱད་ཀྱི་མཇུག་འབྲས་རྒྱུན་ལྡན་ཡིན་པའི་དཔང་ཡིག་བླངས་པ་དང་ཡང་ན་ཉིང་སྐྱུར་ཞིབ་དཔྱད་ཀྱི་མཇུག་འབྲས་རྒྱུན་ལྡན་ཡིན་པའི་བདེ་ཐང་འགྲུལ་བཞུད་ཨང་གྲངས་བསྟན་ན། ལུས་དྲོད་འཇལ་ནས་རྒྱུན་ལྡན་ཡིན་པར་མ་ཟད་སྒེར་གྱི་འགོག་སྲུང་བཟང་བོར་བསྒྲུབས་པའི་ཆ་རྐྱེན་འོག་ཏུ་རང་དབང་དང་གོ་རིམ་ལྡན་པར་ཡར་མར་ལ་འགྲོ་རུ་བཅུག་ཆོག་པ་དང་། གལ་ཏེ་འབྲེལ་ཡོད་དཔང་ཡིག་སྟོན་མ་ཐུབ་ཚེ། མྱུར་དུ་ཉིང་སྐྱུར་ཞིབ་དཔྱད་བྱ་དགོས་པར་མ་ཟད། འབྲེལ་ཡོད་ཀྱི་འགོག་སྲུང་བྱེད་ཐབས་སྤྱོད་དགོས།

དྲུག བདེ་འཇགས་ཐོན་སྐྱེད་དང་འཕྲུལ་བསྟུན་ལས་སྲུང་བྱ་བ་དམ་འཛིན་བཟང་བོ་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་། བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་གནོད་པ་བཟོ་བའི་འབུར་ཐོན་གནད་དོན་དང་རྐྱེན་ངན་དུས་ལྟར་ཐག་གཅོད་པ་བཅས་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་དང་མེ་འགོག་ཆུ་དགྲ། ཉེན་ཁ་ཆེ་བའི་ལས་རིགས། ཁེ་ལས་གཙོ་བོ་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་དངོས་སུ་དམ་འཛིན་བཟང་བོ་བྱ་དགོས་པར་མ་ཟད། ལས་ཁུངས་དང་མི་སྒེར་ལ་འགན་འཁྲི་དོན་འཁྱོལ་སྒོས་དོན་རྐྱེན་ཚབས་ཆེན་གཏན་འགོག་བྱ་དགོས། འཚུབ་ཟློག་ལས་རེས་ལས་སྲུང་ལ་ཤུགས་སྣོན་པ་དང་། སྡོད་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་སྟེ། རིམས་ནད་འགོག་སྡོམ་དཔུང་སྡེ་དང་བྱ་བ་སྒྲུབ་མཁན་འདང་ངེས་ཤིག་བཀོད་སྒྲིག་བྱས་ནས། མུ་མཐུད་དུ་གྲལ་བཤེར་ཐོ་འགོད་དང་། བདེ་ཐང་ཞིབ་དཔྱད། ཆ་འཕྲིན་ཡར་ཞུ་སོགས་དུས་རྒྱུན་གྱི་འགོག་སྡོམ་བྱ་བ་ལེགས་པོར་བསྒྲུབ་སྟེ། སྡོད་ཁུལ་དང་སྡེ་བའི་རིམས་ནད་འགོག་སྡོམ་དྲ་རྒྱ་སྔར་ལས་ཇེ་དམ་ཇེ་ཞིབ་ཏུ་བཏང་ནས། མང་ཚོགས་ཀྱིས་བདེ་འཇགས་དང་སྤྲོ་སྐྱིད་ཀྱི་ལྔ་པའི་བ་བཞིའི་དུས་ཆེན་ཞིག་རོལ་བར་ཁག་ཐེག་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ6པའི་ཚེས22ཉིན།