མཚོ་ནུབ་ཁུལ་གྱིས“གཟུགས་འདས་ཉོ་བསྡུའི་དུས་ཆེན”ལ་བརྟེན་ནས་སྲོལ་རྒྱུན་གྱི་བཟོ་རྩལ་དེང་རབས་འཚོ་བའི་ཁྲོད་བཅུག་པ།

རང་རེའི་དྲ་བའི་འཕྲིན། ཟླ6ཚེས13ཉིན་ནས་བཟུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཁང་གིས་རིག་གནས་ཁང་གི་གཟུགས་འདས་ཤུལ་བཞག་འགྲེམས་སྟོན་ཚོམས་ཆེན་དུ་དངོས་དཔེ་ཁང་གསར་འཛུགས་བྱས་པ་བརྒྱུད། དྲ་རྒྱའི་གར་སྟེགས་དང་གློག་རྡུལ་ཚོང་དོན་སྟེགས་བུ་བཀོལ་ནས། ཐུན་མོང་གིས“མཚོ་ནུབ་གཟུགས་འདས་ཤུལ་བཞག་ཉོ་བསྡུའི་དུས་ཆེན”སྤེལ། སྲོལ་རྒྱུན་བཟོ་རྩལ་དེ་ཡང་བསྐྱར་མང་ཚོགས་ཀྱི་དོ་ཁུར་བྱེད་པའི་གནད་དུ་གྱུར། ད་ལྟའི་བར“གཟུགས་འདས་ཤུལ་བཞག་ཉོ་བསྡུའི་དུས་ཆེན”སྟེང་ཁྱོན་བསྡོམས་ཚོང་བ70ལྷག་ཟབ་ཞུགས་བྱས་ཤིང་དམངས་སྒོར་ཁྲི17ལྷག་གི་དངོས་ཟོང་ཕྱིར་འཚོང་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི“གཟུགས་འདས་ཤུལ་བཞག་ཉོ་བསྡུའི་དུས་ཆེན”བྱ་འགུལ་གྱིས“གཟུགས་འདས་ཤུལ་བཞག་རྒྱུན་འཛིན་དང་བདེ་ཐང་འཚོ་བའི”བྱེད་སྒོའི་བརྗོད་དོན་གཞིར་བཟུང་སྟེ། རིམ་པ་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་སྤེལ་བ་དང་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མི་སྣ་ཟབ་ཞུགས་བྱེད་པར་སྐུལ་འདེད། མཚོ་ནུབ་གཟུགས་འདས་རིག་གནས་ཀྱི་ཤུལ་བཞག་ཐོན་དངོས་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་ཐོན་རྫས་ཀྱི་ཚོང་བ་དག་གཙོར་བཟུང་སྟེ། མཚོ་ནུབ་སོག་རིགས་གཙག་དྲུབ་ཕྱིར་འཚོང་དང་མཚོ་ནུབ་སོག་རིགས་ཤིང་བརྐོས། མཚོ་ནུབ་སོག་པོའི་མི་རིགས་ཀྱི་གྱོན་ཆས། མཚོ་ནུབ་བོད་རིགས་གྱོན་ཆས་ཀྱི་སློག་པ། བོད་རིགས་བུད་མེད་ཀྱི་མགོ་རྒྱན། ཐང་ཀ མ་ཎི་རྡོ་བརྐོས། མཚོ་ནུབ་དམངས་ཁྲོད་ཚྭ་ཁུའི་སྨན་རྫས་ཀྱི་རྩལ་ནུས། སོག་རིགས་གདན་བཟོས་གཙག་དྲུབ། རྒོད་མའི་འོ་ཆང་བསྙལ་བཟོ། འོ་ཆང་དང་ཆུར་བ་གསར་བཟོ། སྲོལ་རྒྱུན་གྱི་སྐམས་ཤ་བསིལ་སྐམ་སོགས་གཟུགས་འདས་ཤུལ་བཞག་རྣམ་གྲངས་རིགས་ཀྱི་བརྩམས་ཆོས་སྤེལ།

“གཟུགས་འདས་ཤུལ་བཞག་དངོས་རྫས་ཉོ་འཚོང་གི་དུས་ཆེན་ལ་ཟབ་ཞུགས་བྱས་པ་བརྒྱུད། ངས་མཚོ་ནུབ་ས་ཁུལ་དུ་གཟུགས་འདས་དངོས་རྫས་ཀྱི་ཤུལ་བཞག་མང་པོ་ཡོད་པ་ལ་རྒྱུས་ལོན་ཟབ་མོ་བྱུང་བ་མ་ཟད། བདེ་ཐང་འཚོ་བའི་འདུ་ཤེས་ཡང་མང་པོ་ཞིག་སྦྱོང་ཐུབ་པར་གྱུར”ཞེས་དངོས་ཟོག་ཉོ་བསྡུའི་དུས་ཆེན་སྐབས་གཏེར་ལེན་ཁ་གྲོང་ཁྱེར་ནས་ཐོན་པའི་ཀྲང་ཞིའུ་ཆིང་གིས་སྒོར་ཉིས་སྟོང་ལྷག་གི་གཙག་དྲུབ་ཞིག་ཉོས་ནས་ཡུལ་གཞན་དུ་ཡོད་པའི་རང་གི་གྲོགས་པོ་ལ་སྐུར་བཞིན་བཤད་པ་རེད། ཐེངས་འདིའི་ཉོ་ཚོང་དུས་ཆེན་གྱིས་མཚོ་ནུབ་ཀྱི་ཐུན་མིན་ཁྱད་ལྡན་མི་རིགས་དམངས་སྲོལ་རིག་གནས་དར་སྤེལ་བཏང་བ་ལས་གཞན་སྤྱི་ཚོགས་ཧྲིལ་པོ་ཐུན་མོང་གིས་ཟབ་ཞུགས་བྱེད་པའི་འདུ་ཤེས་ཡང་གསར་སྐྲུན་བྱས་ཏེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་ཞིག་ལ་དོ་ཁུར་དང་སྲུང་སྐྱོབ་བྱས། འཛད་སྤྱོད་མཁན་གྱིས་འཛད་སྤྱོད་ཀྱི་བརྒྱུད་རིམ་ཁྲོད་གཟུགས་འདས་ཤུལ་བཞག་རིག་གནས་ལ་ངོས་འཛིན་དང་གཟུགས་འདས་ཤུལ་བཞག་རིག་གནས་ལ་དགའ་མོས་ཆེ་བ། གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་བསྐྱོད་པ་བཅས་ཀྱིས་ས་གནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལས་ཞུགས་དབུལ་ཐར་ལ་སྣེ་ཁྲིད་སྒོས་མཚོ་ནུབ་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ཧུར་ཐག་གི་བྱེད་ནུས་ངེས་ཅན་ཞིག་ཐོན་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།