ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི2020ལོའི་སློབ་མ་བསྡུ་བའི་སྒྲིག་ཡིག

གཅིག སློབ་གླིང་ངོ་སྤྲོད།

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་མཆོག་དང་དགེ་བསྙེན་ཀྲའོ་པུའུ་ཁྲུའུ་རྣམ་གཉིས་ཀྱི་འབོད་སྐུལ་འོགརྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཚན་པས་ཆོག་མཆན་གནང་བ་བརྒྱུད།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་གཉེར་འོག 1987ལོའི་ཟླ་9ཚེས་1ཉིན་པེ་ཅིན་དགོན་སེར་ནུབ་མར་བཙུགས་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་སློབ་གྲྭ་ཞིག་རེད།པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་གིས་གླིང་གཙོ་ཨང་དང་པོ་གནང་།མིག་སྔའི་གླིང་གཙོ་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་རེད།

སློབ་གླིང་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པའི་ལག་བསྟར་བྱེད་མཁན་གྲས་ཤིག་ཡིན་པ་དང་།མཐོ་རམས་པའི་ཡོན་གནས་སྤྲོད་མཁན་སློབ་གླིང་ཉག་གཅིག་དང་དུས་མཚུངས་སུ་འབྲིང་རམས་པའི་ཡོན་གནས་སྤྲོད་ཆོག་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་ཞིག་ཡིན།2004ལོར་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་འཛུགས་སྐྱོང་ལག་བསྟར་བྱས་ཚུན།སློབ་གླིང་གིས་ཁྱོན་བསྡོམས་དགེ་འདུན་པ208ལ་མཐོ་རམས་པའི་ཡོན་གནས་སྤྲད་པ་དང་། དགེ་འདུན་པ150ལ་འབྲིང་རམས་པའི་ཡོན་གནས་སྤྲད་ཡོད།

སློབ་གླིང་ནི་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཁུལ་དགོན་སེར་ལམ་ཆེན་སྒོ་རྟགས་ཨང་11ཏུ་ཆགས་པ་དང་།ཁོར་ཡུག་མཛེས་ལ་སྒྲིག་གཞི་འཐུས་སྒོ་ཚང་བ་དང་།དགེ་རྒན་གྱི་སྟོབས་ཤུགས་བཟང་ལ་སློབ་གཉེར་ཆ་རྐྱེན་ཡག་པོ་ཡོད།མིག་སྔར་སྐབས་བཅུ་དྲུག་ནས་བཅོ་བརྒྱད་བར་གྱི་མཐོ་རིམ་ཡོན་གནས་འཛིན་གྲྭ་ཁག་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད།

གཉིས། སློབ་བསྡུའི་འཆར་གཞི།

2020ལོར།ངེད་སློབ་གླིང་གི་སྐབས་བཅུ་དགུ་པའི་མཐོ་རིམ་ཡོན་གནས་འཛིན་གྲྭར་ཁྱོན་བསྡོམས་སློབ་མ་39བསྡུ་འཆར་ཡོད།དེར་དགེ་ལུགས་པའི་སློབ་མ་13དང་། བོན་པོའི་སློབ་མ་13ས་སྐྱ་བའི་སློབ་མ་13བཅས་བསྡུ་རྒྱུ་ཡིན།དེ་ཡང་ཞིང་ལྗོངས་དང་གྲུབ་མཐའ་ཁག་ནས་བསྡུ་རྒྱུའི་འཆར་གཞི་གཤམ་གསལ།

གསུམ། སློབ་གཉེར་དུས་ཡུན།

མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་ཡུན་ལོ་3ཡིན།(2020ལོའི་ཟླ་9ནས་2023ལོའི་ཟླ་5བར།)དེ་ཡང་སློབ་ལོ་དང་པོ་དང་གསུམ་པ་སློབ་གླིང་དུ་གཅིག་བསྡུས་སློབ་སྦྱོང་དུས་ཡུན་ཟླ་16ལས་མི་ཉུང་བ་བྱ་དགོས་པ་དང་།སློབ་ལོ་གཉིས་པར་རང་དགོན་དུ་སློབ་གཉེར་བྱ་དགོས་པ་མ་ཟད་དེའི་རིང་ཡོན་གནས་དཔྱད་རྩོག་ལེགས་འགྲུབ་བྱ་དགོས།

བཞི། མིང་ཐོ་འགོད་པའི་ཆ་རྐྱེན།

1.ཆབ་སྲིད་ཐད་ཀྲུང་གོའི་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན།

2.རང་འགུལ་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ།མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་མཁན་ཞིག་དགོས་པ།

3.རྒྱལ་གཅེས་ཆོས་གཅེས་དང་།སྒྲིག་བཀུར་ཁྲིམས་སྲུང་། ཆོས་ལུགས་ཀྱི་དད་པ་བརྟན་ལ་ཚུལ་ཁྲིམས་གཙང་བ་ཞིག་དགོས་པ།

4.ནང་རིག་གི་རྨང་གཞི་བཟང་པོ་དགོས་པ་དང་། གཞུང་བཀའ་པོད་ལྔར་ཉུང་མཐར་ལོ་15ཡན་སློབ་གཉེར་བྱེད་མྱོང་བ།

5.བོད་ཡིག་གི་རྩོམ་འབྲིའི་ནུས་པ་ངེས་ཅན་དགོས་ལ་རྒྱལ་ཁབ་ཐུན་མོང་གི་སྐད་ཡིག་སྤྱད་ནས་གླེང་མོལ་དང་འབྲི་ཀློག་གི་རྨང་གཞི་ངེས་ཅན་དགོས།

6.ལུས་པོ་བདེ་ཐང་ཡིན་ལ།རང་ལོ་30ཡན་ཡིན་དགོས།(1990ལོའི་ཟླ་9ཚེས་1གི་སྔོན་སྐྱེས་པ།)

7.སྤྱི་དམངས་ཐོབ་ཐང་ལག་ཁྱེར་དང་།བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་དཔང་ཡིག་གམ་སྤྲུལ་སྐུའི་ལག་ཁྱེར་བཟུང་ཡོད་དགོས།

ལྔ། མིང་ཐོ་འགོད་ཐབས།

1.མི་སྒེར་རང་ཉིད་ནས་རང་འདོད་ལྟར་ཐོ་འགོད་རེ་ཞུ་རྒྱག་དགོས།

2.ཞིང་ཆེན་ནང་བསྟན་སློབ་གླིང་གི་ལོ་འདི་གའི་སློབ་ཐོན་སློབ་མ་ངེད་སློབ་གླིང་ལ་མིང་ཐོ་འགོད་པར་རང་དགོན་ནས་མཚམས་སྦྱོར་ཡི་གེ་འབྲི་དགོས་པ་དང་།ནང་བསྟན་སློབ་གླིང་ནས་འོས་སྦྱོར་ཡིག་ཆ་མཁོ་འདོན་བྱ་དགོས།

3.དགོན་སྡེ་ཁག་གི་རྒྱུགས་སྤྲོད་པ་རྣམས་རང་དགོན་ནས་མཚམས་སྦྱོར་ཡི་གེ་མཁོ་འདོན་བྱེད་དགོས་པར་རྫོང་རིམ་པ་ཡན་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་རྒྱུགས་སྤྲོད་ཆོག་འཁྲོལ་ཡི་གེ་བླངས་དགོས།

4.རྒྱུགས་སྤྲོད་པ་རྣམས་ཀྱིས་གོང་གསལ་ཡིག་ཆ་དང་སྐུ་པར་ཚོན་གཅིག་ཅན་གསུམ་བཅས་བསྣམས་ཏེ་ཐོ་བཀོད་རྒྱུགས་སྤྲོད་ལ་ཞུགས་དགོས།

ཞིང་ཆེན་ནམ་ལྗོངས་རིམ་པའི་ནང་བསྟན་སློབ་གླིང་གི་ལོ་འདི་གའི་འབྲིང་རིམ་ཡོན་གནས་འཛིན་གྲྭའི་སློབ་ཐོན་སློབ་མ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་རྒྱུགས་སྤྲོད་པར་ངེས་པར་དུ་ངེད་སློབ་གླིང་སློབ་འགོ་མ་ཚུགས་སྔོན་ལ་མཐར་ཕྱིན་དགོས་པ་མ་ཟད་འབྲིང་རམས་པའི་ཡོན་གནས་ཐོབ་པ་ཞིག་དགོས།

དྲུག རྒྱུགས་ལེན་དུས་ཚོད་དང་རྒྱུགས་ར་བཀོད་སྒྲིག

2020ལོའི་སློབ་མ་བསྡུ་ལེན་ལ་བོད་རང་སྐྱོང་ལྗོངས་དང་།ཀན་སུའུ་ཞིང་ཆེན། མཆོ་སྔོན་ཡུལ་ཤུལ།སི་ཁྲོན་ཞིང་ཆེན་བཅས་སུ་རྒྱུགས་ར་ཁག་བཞི་བཀོད་སྒྲིག་བྱས་ཡོད།ཡུན་ནན་ཞིང་ཆེན་གྱི་རྒྱུགས་སྤྲོད་པ་རྣམས་གཅིག་གྱུར་ཐོག་བོད་རང་སྐྱོང་ལྗོངས་ཀྱི་རྒྱུགས་རར་ཡོང་དགོས།

1. རྒྱུགས་ར་དང་པོ།བོད་ལྗོངས་ནང་བསྟན་སློབ་གླིང་དུ་བཀོད་སྒྲིག་བྱས་ཡོད།དེ་གའི་རྒྱུགས་ལ་ཞུགས་མཁན་དགེ་ལུགས་པ་དང་། བོན་པོ། ས་སྐྱ་བའི་དགེ་འདུན་པ་ཡིན་དགོས།འབྱོར་ཐོ་འགོད་པའི་དུས་ཚོད་ནི་2020ལོའི་ཟླ་7ཚེས་11དང་12ཉིན་དང་།རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་7ཚེས་13ནས་15བར་ཡིན།

2. རྒྱུགས་ར་གཉིས་པ།ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་བླ་བྲང་དགོན་དུ་བཀོད་སྒྲིག་བྱས་ཡོད།དེ་གའི་རྒྱུགས་ལ་ཞུགས་མཁན་དགེ་ལུགས་པའི་དགེ་འདུན་པ་ཡིན་དགོས།འབྱོར་ཐོ་འགོད་པའི་དུས་ཚོད་ནི་2020ལོའི་ཟླ་7ཚེས་12དང་13ཉིན་དང་།རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་7ཚེས་14ནས་16བར་ཡིན།

3. རྒྱུགས་ར་གསུམ་པ།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་བསྟན་སློབ་གླིང་དུ་བཀོད་སྒྲིག་བྱས་ཡོད།དེ་གའི་རྒྱུགས་ལ་ཞུགས་མཁན་དགེ་ལུགས་པ་དང་ས་སྐྱ་བའི་དགེ་འདུན་པ་ཡིན་དགོས།འབྱོར་ཐོ་འགོད་པའི་དུས་ཚོད་ནི་2020ལོའི་ཟླ་7ཚེས་19དང་20ཉིན་དང་།རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་7ཚེས་21ནས་23བར་ཡིན།

4. རྒྱུགས་ར་བཞི་པ།སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བཀོད་སྒྲིག་བྱས་ཡོད།དེ་གའི་རྒྱུགས་ལ་ཞུགས་མཁན་ནི་དགེ་ལུགས་པ་དང་བོན་པོའི་དགེ་འདུན་པ་ཡིན་དགོས།འབྱོར་ཐོ་འགོད་པའི་དུས་ཚོད་ནི་2020ལོའི་ཟླ་7ཚེས་20དང་21ཉིན་དང་།རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་7ཚེས་22ནས་24བར་ཡིན།

རྒྱུགས་སྤྲོད་པ་རྣམས་ཀྱིས་འབྲེལ་ཡོད་མཚམས་སྦྱོར་ཡིག་ཆ་ཁྱེར་ནས་ཐག་གང་ཉེའི་རྒྱུགས་རར་ཕེབས་ནས་རྒྱུགས་ལ་ཞུགས་ཆོག

མིང་ཐོ་འགོད་པ་དང་རྒྱུགས་ལེན་དུས་ཚོད་ལ་འགྱུར་ལྡོག་བྱུང་ཚེ། ང་ཚོས་དུས་ཐོག་ཏུ་སློབ་གླིང་གི་སྐད་འཕྲིན་སྤྱི་སྟེགས་ཐོག་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན། རྒྱུགས་འབུལ་བ་རྣམས་ཀྱིས་དུས་ཐོག་ཏུ་མཁྱེན་རྟོགས་ཡོད་པ་ཞུ།

བདུན། རྒྱུགས་ལེན་ཁྱབ་ཁོངས་དང་ལེན་ཐབས།

(གཅིག)རྒྱུགས་གི་ནང་དོན་ལ་ནང་རིག་དང་།ཁྲིམས་ལུགས་ཤེས་བྱ། རིག་གནས་ཤེས་བྱ་བཅས་ཁག་གསུམ་འདུས་ཡོད།

1.ནང་རིག་གི་རྒྱུགས་ལེན་ཁྱབ་ཁོངས་ནི་《ཚད་མ་》དང་《ཕར་ཕྱིན་》《དབུ་མ་》བཅས་ཆ་ཚང་དང་།《མཛོད་》ཀྱི་གནས་དང་པོ་ནས་གནས་བཞི་བ་རྫོགས་ཀྱི་བར་ལེན་རྒྱུ། 《འདུལ་བ》གཞི་སྟོད་ཡན་ཆད་རྒྱུགས་ལེན་རྒྱུ།

2.ཁྲིམས་ལུགས་ཤེས་བྱར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཀྱི་ནང་དོན་ལེན་རྒྱུ།

3.རིག་གནས་ཀྱི་སྐོར་ལ་སུམ་རྟགས་དང་རྩོམ་ཡིག་དང་།རྒྱའི་སྐད་ཡིག་རྨང་གཞི་ལེན་རྒྱུ་ཡིན།

(གཉིས།)རྒྱུགས་ལེན་ཐབས།

1.ནང་རིག་གི་རྒྱུགས་ནི་འཆད་རྩོད་གཉིས་ལས་རྩོད་རྒྱུགས་གཙོ་བོར་ལེན་རྒྱུ།དབུ་ཚད་ཕར་གསུམ་ཕྱོགས་ཀྱི་རིགས་ལུང་བས་རྟགས་གསལ་རེ་རེ་གཏོང་རྒྱུ་དང་། རྒྱུགས་སྤྲོད་པ་ནང་ཕན་ཚུན་དུ་ཁ་བྱང་འཐེན་ཏེ་དབུ་ཚད་ཕར་གསུམ་ལས་གང་བབས་གཅིག་གཏོང་རྒྱུ། མཛོད་འདུལ་གཉིས་རྒྱུགས་སྤྲོད་པས་སློབ་གླིང་གིས་བསྒྲིགས་པའི་རྟགས་གསལ་ཁ་བྱང་ལས་འཐེན་ནས་ནང་ཕན་ཚུན་ལ་གཏོང་རྒྱུ།

2.ཁྲིམས་ལུགས་ཤེས་བྱའི་རྒྱུགས་སྤྲོད་སྐབས་དཔྱད་གཞིའི་ཡིག་ཆར་བལྟས་ཆོག་པ་དང་།རིག་གནས་ཀྱི་རྒྱུགས་སྤྲོད་སྐབས་དཔྱད་གཞིའི་ཡིག་ཆར་བལྟས་མི་ཆོག

བརྒྱད། སློབ་མ་བསྡུ་ཐབས།

མཐོ་རིམ་ནང་བསྟན་སློབ་གླིང་གིས་རྒྱུགས་འབུལ་བའི་རྒྱུགས་འབྲས་ལ་ཕྱོགས་ཡོངས་ནས་བརྟག་སྟེ།ཕུལ་བྱུང་གི་རིགས་བདམས་ནས་བསྡུ་ལེན་བྱ་རྒྱུ་ཡིན། དེ་ཡང་རྒྱུགས་འབུལ་བའི་རྒྱུགས་འབྲས་གཅིག་མཚུངས་ཡིན་ཚེ་འབྲིང་རམས་པའི་ཡོན་གནས་ཐོབ་མཁན་སྔོན་ལ་བསྡུ་རྒྱུ་ཡིན།

དགུ། སློབ་ཁྲིད་ཀྱི་ནང་དོན།

ཁྲིད་བྱའི་ནང་དོན་ཁག་ལས་ནང་རིག་སློབ་ཚན་བརྒྱ་ཆ་60དང་།ཐུན་མོང་སློབ་ཚན་བརྒྱ་ཆ་30རྨང་གཞིའི་སློབ་ཚན་བརྒྱ་ཆ་10བཅས་ཀྱི་བསྡུར་ཚད་གཞིར་བཟུང་བཀོད་སྒྲིག་བྱས་ཡོད།

1.ནང་རིག་སློབ་ཚན་གྱི་འཁྲིད་བྱའི་ནང་དོན་གཙོ་བོར《དབུ་མ་》ཡི་སྨད་ཆ་སྟེ་སེམས་བསྐྱེད་དྲུག་པ་ནས་མཇུག་བར་དང་།《མཛོད་》ཀྱི་གནས་དང་པོ། གཉིས་པ། ལྔ་བ། བདུན་པ་བཅས་གཙོ་བོར་བཟུང་ནས་ཁྲིད་རྒྱུ།《འདུལ་བ་》ཆ་ཚང་བཅས་ཡིན། ཚད་མ་དང་ཕར་ཕྱིན་བསྐྱར་སྦྱོང་བྱ་རྒྱུ།

2.ཐུན་མོང་གི་སློབ་ཚན་གྱི་འཁྲིད་བྱའི་ནང་དོན་གཙོ་བོ་ནི་《རྩ་ཁྲིམས་དང་བཅའ་ཁྲིམས་》《ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས།》《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་སྤྱི་བཤད།》བཅས་དང་། རྒྱའི་སྐད་ཡིག་དང་། གློག་ཀླད། དཔྱད་རྩོམ་འབྲི་ཚུལ། བོད་ཡིག་གི་བརྡ་སྤྲོད་སོགས་ཡིན།

3.ས་ཡུལ་དངོས་ཀྱི་སློབ་ཁྲིད།སློབ་གླིང་གིས་དུས་བཀག་ཏུ་སློབ་མ་རྣམས་རྒྱལ་ནང་གི་ཞིང་ཆེན་གྲོང་ཁྱེར་ཁག་གི་ནང་བསྟན་གནས་མཆོག་དང་།གསར་བརྗེའི་གནས་རྙིང་།རིག་གནས་དང་བཟོ་ལས་རྟེན་གཞི་སོགས་སུ་ཡུལ་དངོས་ཀྱི་སློབ་སྦྱོང་ལ་ཁྲིད་ཀྱི་ཡོད།

4.ཕྱི་ཕྱོགས་སྤེལ་རེས།སློབ་མ་རྣམས་ཆོས་དོན་དགོངས་འགྲེལ་དང་།དགོན་སེར་དཔྱད་གླེང་ཚོགས་འདུ་སོགས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་པ་དང་།ཕུལ་བྱུང་གི་སློབ་མ་ཁག་ཅིག་ཞང་ཀང་དང་། ཨའོ་མོན།ཐའེ་ཝན་སོགས་སུ་ནང་བསྟན་གྱི་མཛའ་མཐུན་སྤེལ་རེས་བྱེད་པར་འཁྲིད་ཀྱི་ཡོད།

བཅུ།གསོ་སྐྱོང་དམིགས་འབེན་དང་ཡོན་གནས་སྤྲོད་པའི་ཆ་རྐྱེན།

(གཅིག)གསོ་སྐྱོང་དམིགས་འབེན།ཆབ་སྲིད་ཐད་བློས་འཁེལ་ལ། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། ཀུན་སྤྱོད་ཐད་དམངས་མགུ་བ།འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བྱང་ཚད་མཐོ་བའི་ཕུལ་བྱུང་དགེ་འདུན་གསོ་སྐྱོང་བྱ་རྒྱུ་རེད།

(གཉིས།)མཐར་ཕྱིན་རྗེས་ཀྱི་འགྲོ་ཕྱོགས།སློབ་མ་རྣམས་མཐར་ཕྱིན་རྗེས། གཞི་རྩའི་ཆ་ནས་རང་དགོན་དུ་ལོག་དགོས།དེ་ཡང་ཕྱོགས་བསྡུས་བྱང་ཚད་མཐོ་བ་དང་།རྣམ་ཀུན་གྱི་མཚོན་ཚུལ་བཟང་བ་རྣམས་སློབ་གླིང་གིས་དགོན་སྡེ་དང་ནང་བསྟན་སློབ་གླིང་ཁག་ཏུ་དཔེ་ཁྲིད་དགེ་རྒན་དང་།དམངས་བདག་གམ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོངས་མིར་མཚམས་སྦྱོར་བྱ་རྒྱུ།

(གསུམ།)ཡོན་གནས་སྤྲོད་པའི་ཆ་རྐྱེན།《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་ཐབས་(ཚོད་ལྟའི་ལག་བསྟར་)》གཞིར་བཟུང་། སློབ་སྦྱོང་སྦྱངས་འབྲས་དང་ཕྱོགས་བསྡུས་སྦྱངས་འབྲས་ཚད་ལོན་པ་རྣམས་ཡོན་གནས་རྒྱུགས་འབུལ་རེ་ཞུ་བྱེད་ཆོགདེ་ཡང་རྒྱུགས་ལེན་ཐོབ་ཐང་ཞིབ་བཤེར་དང་དཔྱད་རྩོམ་བགྲོ་གླེང་།ཡོན་གནས་རྩོད་རྒྱུགས་སོགས་ལོན་པའི་མཐོ་རམས་འཛིན་གྲྭའི་སློབ་ཐོན་སློབ་མ་ཡིན་ན།ད་གཟོད་མཐོ་རམས་པའི་ཡོན་གནས་སྤྲོད་རྒྱུ། སློབ་སྦྱོང་གི་སྦྱངས་འབྲས་དང་ཕྱོགས་བསྡུས་སྦྱངས་འབྲས་ཚད་མ་ལོངས་ཚེ།ཡོན་གནས་རྩོད་རྒྱུགས་སུ་ཞུགས་མི་ཆོག

བཅུ་གཅིག འབྲེལ་ཡོད་གསལ་བཤད།

1.སློབ་བསྡུའི་རྒྱུགས་ལ་ཞུགས་མཁན་སློབ་མ་རྣམས་རྒྱུགས་ལ་ཞུགས་སྐབས་ཀྱི་ལམ་གླ་དང་།མགྲོན་ཁང་གི་གླ་ཆ། དེ་བཞིན་ཞལ་ལག་གི་འགྲོ་སོང་སོགས་སློབ་མ་རང་ཉིད་ནས་གཏོང་དགོས།

2.རྒྱུགས་འཕྲོད་དེ་སློབ་གྲྭར་བསྡུས་རྗེས། སློབ་བསྡུའི་བརྡ་ཐོ་དང་འབྲེལ་ཡོད་དཔང་ཡིག་ཁྱེར་ནས་གཏན་འཁེལ་གྱི་དུས་ཚོད་ལྟར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལ་འབྱོར་ཐོ་འགོད་དགོས།

3.སློབ་གྲྭར་བཞུགས་སྐབས་སློབ་ཡོན་མི་བསྡུ་ལ་ཁང་པ་དང་ཞལ་ལག་གི་འགྲོ་སོང་ཚང་མ་སློབ་གླིང་ནས་མཁོ་འདོན་བྱ་རྒྱུ།ལོ་རེར་དབྱར་གནང་ཐེངས་གཅིག་(ལོ་རེའི་ཟླ་5ཚེས་10ནས་ཟླ་9ཚེས་10བར་)གཏོང་བ་ལས་དགུན་གནང་མེད།འབྲེལ་ཡོད་གཏན་འབེབས་ལྟར་ལོ་རེའི་དབྱར་གནང་སྐབས་ཀྱི་ལམ་གླ་སློབ་གླིང་ནས་རྩིས་ཞུ་བྱ་རྒྱུ།

4.སློབ་མ་རྣམས་སློབ་གྲྭར་ཞུགས་རྗེས་སློབ་གླིང་གི་དོ་དམ་དང་དུ་བླངས་དགོས་པ་དང་།འབྲེལ་ཡོད་གཏན་འབེབས་ཁག་ལ་བརྩི་སྲུང་ནན་ཏན་བྱ་དགོས། སློབ་གླིང་ལ་ཞུགས་རྗེས་སྤྱིར་དགོན་པའི་བྱ་དོན་ལ་ཞུགས་མི་ཆོག་པ་དང་།ཐེངས་གཅིག་ལ་དགོངས་དུས་རིང་ཤོས་ཉིན་15ཡན་ཞུ་མི་ཆོག་ཅིང་རིམ་བསགས་དགོངས་ཞུ་ཟླ་བ་གཅིག་ཡན་འགལ་མི་ཆོག

5.འབྲེལ་ཡོད་གཏན་འབེབས་ལྟར།སློབ་གླིང་གིས་སྦྱངས་འབྲས་ལེགས་པའི་སློབ་མར་བྱ་དགའི་དངུལ་སྤྲོད་རྒྱུ་ཡིན།

6.གཟུགས་གཞི་མི་བདེ་བ་སོགས་དམིགས་བསལ་གྱི་རྒྱུ་རྐྱེན་འོག་སློབ་གཉེར་རྒྱུན་འཁྱོངས་མ་ཐུབ་ཚེ།སློབ་ཁོངས་སོར་ཉར་གྱི་སློབ་མཚམས་འཇོག་པའི་དགོངས་ཞུ་ཐེངས་གཅིག་བྱེད་ཆོག

བཅུ་གཉིས། འབྲེལ་གཏུག་བྱེད་ཐབས།

འབྲེལ་གཏུག་ས་གནས། པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཁུལ་དགོན་སེར་ལམ་ཆེན་སྒོ་རྟགས་ཨང་11པ།

བརྙན་སྐྱེལ།( 010)-58350922

དྲ་གནས། http://zyxgjfxy.cn