མཚོ་སྔོན་ནོར་གནག་ཐོན་ལས་དེ་རྒྱལ་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་ཚོགས་སྤྱིའི་ཁྲོད་ཚུད་པ།

རང་རེའི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། ཞིང་ཆེན་ནོར་སྲིད་ཐིན་གྱིས་སྤེལ་བའི་གནས་ཚུལ། སྟོབས་ཤུགས་གཅིག་བསྡུས་སྒོས་རང་ཞིང་གི་ཁྱད་ལྡན་ཐོན་ལས་ལེགས་པོ་སྔར་ལས་ཆེས་ཆེར་གཏོང་བ་དང་སྤྱི་ཚོགས་དཔལ་འབྱོར་དར་རྒྱས་ལ་རོགས་སྒྲུབ་སྐུལ་འདེད་བྱེད་ཆེད། རྒྱལ་ཁབ་གྱི་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་གཅིག་བསྡུས་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་བསྟུན་ནས། ཞིང་ཆེན་ནོར་སྲིད་ཐིན་གྱི་འབྲེལ་ཡོད་སྡེ་ཁག་དག་གིས་རྒྱལ་ཁབ་རིམ་པར་རེ་འདུན་སྙན་ཞུ་ཕུལ། ཞིབ་བཤེར་བྱས་པ་བརྒྱུད་རང་ཞིང་གི་ནོར་ནག་ཐོན་ལས་དེ་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཐོན་ལས་ཚོགས་སྤྱིའི་འཛུགས་སྐྲུན་ཁྲོད་བདེ་བླག་གིས་བདམས་པ་རེད།

ནོར་ནག་ནི་མདོ་དབུས་མཐོ་སྒང་གི་ཕྱུགས་རིགས་ཐོན་ལས་ཀྱི་གདུང་མ་གལ་ཆེན་ཞིག་ཡིན་ལ། རང་ཞིང་ནི་རྒྱལ་ཡོངས་ཀྱི་རྩྭ་ཐང་ཆེན་པོ་ལྔའི་ཕྱུགས་ལས་རྟེན་གཞིའི་ཁྲོད་ཀྱི་གཅིག་ཡིན་པའི་ཆ་ནས། ནོར་ནག་གསོ་སྤེལ་གྱི་ཁ་གྲངས་ཁྲི490ལྷག་ཡོད་ལ། འཛམ་གླིང་གི་ནོར་ནག་སྤྱིའི་ཁ་གྲངས་ཀྱི34%ཟིན་ཡོད་ལ། རང་རྒྱལ་གྱི་ཆེས་ཆེ་བའི་ནོར་ནག་ཐོན་སྐྱེད་ཀྱི་རྟེན་གཞི་ཡང་ཡིན། ཕྱོགས་མང་པོའི་ཐད་ལ་ལོ་མང་རིང་ཧུར་བརྩོན་བྱས་པ་བརྒྱུད། ནོར་ནག་ནི་རང་ཞིང་གི་ཁྱབ་ཁོངས་དེའི་ཁྱད་ལྡན་ཐོན་ལས་སུ་གྱུར་ཡོད་པས། མུར་འཕེལ་བདེ་ཐང་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་ཞིག་ཏུ་རྣམ་པར་མངོན།

རེ་འདུན་སྙན་ཞུ་ལེགས་འགྲུབ་བྱུང་རྗེས། ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར1བཏང་ནས་མ་དངུལ་གྱི་རྒྱབ་སྐྱོར་གནང་ཞིང་། ནོར་ནག་ཐོན་ལས་དེ་ཐོན་ལས་ཧྲིལ་བོའི་འཕེལ་རྒྱས་ཐད་བཀོལ་ཡོད། རང་ཞིང་གིས་ནོར་སྲིད་མ་དངུལ་བཀོལ་བའི་ཐད་ལ་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད་པས་མ་དངུལ་བེད་སྤྱོད་བྱེད་ཐབས་གསར་སྐྲུན་སྒོས་མ་དངུལ་བསྡུ་རུབ་དག་སྒྲིག་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཀྱི་མ་དངུལ་སྣེ་ཁྲིད་དང་དངུལ་རྩའི་ཉེན་འགོག་སོགས་ཀྱི་ཐད་ལ་མ་རྩ་བཏང་སྟེ། ཞིང་སྡེའི་ཞིང་ལས་དར་རྒྱས་ཀྱི་དམིགས་འབེན་དམ་འཛིན་སྒོས་ཐོན་ལས་ཧྲིལ་བོའི་མཐུད་སྦྲེལ་གསར་སྤེལ་གྱི་ལམ་བུ་གསར་དུ་ཕྱེས་ཤིང་། སྒྲིག་གཞི་ལུགས་མཐུན་གསར་སྐྲུན་གྱིས་མཐུད་སྦྲེལ་འཐུས་ཚང་ཅན། འདུས་ཚད་མཐོན་པོ། འགྲན་རྩོད་ནུས་ཤུགས་དྲག་པོ་བཅས་ཀྱིས་ནོར་ནག་ཐོན་ལས་ཀྱི་གཅིག་བསྡུས་ཚོགས་སྤྱི་ཆེས་ཆེར་བཏང་ཡོད། དེ་དང་ཆབས་ཅིག་ནུས་ཤུགས་གང་ཡོད་སྒོས་ནས་དང་བོད་ལུག ཀེ་ཚེ། ཞོག་ཁོག་སོགས་ཐོན་ལས་གཞན་དག་གི་ཚོགས་སྤྱིའི་རེ་འདུན་སྙན་ཞུ་ལ་རྨང་གཞིའི་བྱ་བ་ལེགས་པོར་སྒྲུབ་ནས། ཐོན་ལས་ཚོགས་སྤྱིའི་རྣམ་གྲངས་མང་པོ་བརྩོན་ལེན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་སྒོས་ཞིང་སྡེའི་དར་རྒྱས་ལ་རོགས་འདེགས་བྱས་ཏེ་རོང་འབྲོག་མི་དམངས་ཀྱི་ཡོང་སྒོ་འཕར་སྣོན་གྱི་སྲ་བརྟན་རྨང་གཞི་ལ་སྣེ་ཁྲིད་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།