ཙོང་རྐང་ཆུང་ཆུང་གི་མྱུ་གུས་ལུང་མདོའི་ཧྲི་ལེ་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་བསྐྲུན་པ།

རང་རེའི་དྲ་བའི་འཕྲིན། དུས་ད་ལྟ་ནི་ཙོང་རྐང་ཆུང་ཆུང་ཁྲོམ་རར་རྒྱུགས་ཆེ་བའི་དུས་སྐབས་ཡིན་པས། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཧྲི་ལི་གྲོང་རྡལ་གྱི་ཞིང་ཚིགས་སོ་སོར་ལས་བྲེལ་ཆེ་བའི་རྣམ་པས་ཁེངས་ཤིང་སྡེ་མི་དག་གིས་ཞིང་ཚིགས་སུ་ཙོང་རྐང་གི་མྱུ་གུ་འབྲེག་བཞིན་ཡོད་པའི་རྣམ་པ་རེད།

རྒྱུས་ལོན་པ་ལྟར་ན། ཙོང་རྐང་གི་མྱུ་གུ་ལ་འཚར་ལོངས་ཀྱི་དུས་སྐབས་མི་འདྲ་ཞིང་དེ་དག་ཙོང་རྐང་དང་ཙོང་མྱུག ཙོང་སྒོག་སོགས་ཞིང་ལས་ཐོན་རྫས་སུ་གྲུབ་ཡོད། སྡེ་མི་དག་གིས་ཁྲོམ་རའི་གནས་ཚུལ་གཞིར་བཟུང་སྟེ་ཉོ་བསྡུའི་བྱེད་བཞིན་ཡོད། ཧྲི་ལི་གྲོང་རྡལ་གྱི་ཙོང་རྐང་ཁྲོམ་རའི་གནས་ཚུལ་ཧ་ཅང་ལེགས་པས། ད་རུང་ཅུང་འཕྱི་བ་ན་ཕལ་ཆེར་ཉོ་རྒྱུ་མེད་ཞེས་ཧྲི་ལི་གྲོང་རྡལ་གྱི་ལིས་ཅ་གོང་མ་སྡེ་བའི་ཁྱིམ་ཚང་ཞིག་གིས་ཞིང་སའི་འགྲམ་དུ་ཀོང་ཀྲུའུ་ནས་ཙོང་རྐང་གི་མྱུ་གུ་ཉོ་བསྡུ་བྱེད་དུ་འོངས་བའི་ཚོང་བ་ཏའེ་ཅན་ཅོན་གྱིས་གསར་འགོད་པ་ལ་བཤད་པ་རེད། ད་ལོ་ཙོང་རྐང་གི་མྱུ་གུ་ཁྲོམ་ར་ལ་ཞུགས་པ་བརྒྱུད་ཧྲི་ལི་གྲོང་རྡལ་གྱི་ཙོང་རྐང་དེ་སྤྱི་རྒྱ་རེར་སྒོར3ཡིན་ལ། ད་ལོ་ནི་ཁོ་རང་གནས་འདིར་ཙོང་རྐང་གི་མྱུ་གུ་ཉོ་རུ་ཡོང་ཐེངས་གཉིས་པ་ཡང་ཡིན་ཟེར།

ཙོང་རྐང་གི་མྱུ་གུ་རླངས་འཁོར་ནང་དུ་འཇུག་ལ་ཉེ་བའི་ལིས་ཅ་གོང་མ་སྡེ་བའི་ཀྲུའུ་རེན་ཀྲང་ཀྲུང་ཕེན་གྱིས་གསར་འགོད་པ་ལ་བཤད་རྒྱུར། ད་ལོ་ཙོང་རྐང་གི་རྒྱུ་སྤུས་ཧ་ཅང་ལེགས་ལ་རིན་གོང་ཡང་མཐོ་པས་ཕྱིར་འཚོང་བྱེད་མི་ཐུབ་པར་སེམས་ཁུར་ཅི་ཡང་བྱེད་མི་དགོས་ཟེར། ས་མུའུ་གཅིག་ལ་ཙོང་རྐང་གི་མྱུ་གུ་རྒྱ་མ8000ཡས་མས་ཡོད་པ་དང་ཡོང་འབབ་ཁོ་ན་སྒོར་ཁྲི1.6ལྷག་ཡོད། དེ་འདྲ་མང་རྒྱུ་མེད་མོད་འོན་ཀྱང་དེ་ནི་ཡོང་འབབ་ཉུང་ཉུང་ཞིག་གཏན་ནས་མིན་ཟེར།

ཙོང་རྐང་གི་མྱུ་གུ་འབོར་ཆེན་ཉོ་བསྡུ་བྱེད་པར་ངལ་རྩོལ་པའི་དགོས་མཁོ་ཧ་ཅང་ཆེ་བ་དང་ལོ་རེར་ལོ་ལེགས་ལེན་པའི་དུས་སྐབས་སུ་སྡེ་མི་དག་ཙོང་རྐང་གི་མྱུ་གུ་བསྡུ་རུབ་དང་ཐུམ་སྒྲིལ་སོགས་ཀྱི་བྱ་བར་ཞུགས་དགོས་པ་རེད། ཞོན་ཅ་ཝན་སྡེ་བའི་ཀྲུའུ་རེན་ཞོན་ཡུའུ་མེས་ཀྱིས་བཤད་རྒྱུར། དཔེར་ན་ངའི་ས་མུའུ་གཅིག་འདིར་ཐོག་མར་ཙོང་རྐང་གི་མྱུ་གུ་བཏབ་ཚར་བ་ཡིན་ལ། ཐེངས་གཉིས་པར་སུར་པིན་དང་སྔོ་ཚོད། ཀེ་ཚེ་སོགས་ཞིང་ལས་ལོ་ཏོག་གཞན་དག་འདེབས་འཛུགས་བྱས་པས། ས་གཞི་བེད་སྤྱོད་གང་ལེགས་བྱས་པས། གཅིག་ནས་ཕྱིར་འཚོང་བྱས་ཏེ་སྒོར་མོར་བརྗེ་ཐུབ་པ་དང་གཉིས་ནས་རང་ཉིད་ལ་ཡང་ཟ་རྒྱུ་ཡོད་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།