མཚོ་སྔོན་ནས་སྡོད་དམངས་ཐོབ་ཐང་ལག་འཁྱེར་ཐད་ཀར་ཁྱིམ་དུ་སྦྲག་སྐུར་བྱེད་པའི་ཞབས་ཞུའི་རྣམ་གྲངས་སྤེལ་རྒྱུ་རེད།

མཚོ་སྔོན་ཉིན་རེའི་ཚགས་པར་གྱིས་སྤེལ་བའི་འཕྲིན། སྡོད་དམངས་ཐོབ་ཐང་གློ་བུར་བཀོལ་དགོས་བྱུང་མཁན་སྒོ་ཕྱིར་མ་ཐོན་པར་དེ་དོན་བསྒྲུབ་ཆོག་གི་ཞབས་ཞུའི་རྣམ་གྲངས་ཤིག་གསར་དུ་བཏོན་འདུག དེར་ཡང་ཟླ6ཚེས3ཉིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བདེ་སྲུང་ཉེན་རྟོག་སྤྱི་ཁྱབ་རུ་ཁག་དང་། ཀྲུང་གོ་སྦྲགས་སྲིད་སྡེ་ཤོག་ཚད་ཡོད་ཀུང་སི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སི་གཉིས་ནས་རྣམ་གྲངས་དེ་གཉེར་འགོ་བརྩམས་སོང་ལ། དེ་ནི་ཁ་པར་གྱི་རྩ་གཉིས་ཨང་བཤེར་ན་སྡོད་དམངས་ཀྱི་ཐོབ་ཐང་ལག་འཁྱེར་ཐད་ཀར་ལག་ཏུ་འབྱོར་ཐུབ་པའི་ལས་གཞི་ཞིག་རེད། ཕྱིན་ཆད་མཚོ་སྔོན་ཞིང་ཆེན་གྱིས་སྡོད་དམངས་ཀྱི་ཐོབ་ཐང་ལག་འཁྱེར་སྒྲུབ་དུས་ཁ་པར་གྱི་རྩ་གཉིས་ཨང་བཤེར་ལ་བརྟེན་ནས་བསྒྲུབ་རྒྱུ་རེད།

དེའི་སྒྲུབ་སྟངས་ནི་ཐོག་མར་ཐོབ་ཐང་ལག་འཁྱེར་གྱི་བདག་པོ་གང་ཞིག་སྤྱི་བདེ་ལས་ཁུངས་སུ་སོང་ནས་དགོས་ངེས་ཀྱི་ཆ་འཕྲིན་བསྡུ་ལེན་བྱས་རྗེས་ཆུ་ཚོད48ནང“དམངས་ཕན་ཁྱིམ་སྤྱོད་སྲིད་ཇུས”(“便民通户政”)ཞེས་པའི་སྐད་འཕྲིན་བྱ་རིམ་ཆུང་བ(小程序)འམ་ཡང་ན་ཁ་པར་གྱིས“ཡུལ་མིའི་ཐོབ་ཐང་ལག་འཁྱེར་ལེན་པའི་དཔང་ཡིག”ཅེས་པའི་འོག་གི“དམངས་ཕན་ཁྱིམ་སྤྱོད”“便民通”ཅེས་པའི་རྩ་གཉིས་ཨང་བཤེར་ན་ཐོབ་ཐང་ལག་འཁྱེར་བསྐུར་བའི་ཞབས་ཞུ་བསྒྲུབ་ཐུབ། དེ་སྒྲུབ་དུས་ལེ་ཚན་ནང་གི་རེ་བ་ལྟར་བསྐུར་ཡུལ་ལ་སོགས་པའི་འབྲེལ་ཡོད་གནས་ཚུལ་འགོད་དགོས་ལ། མཐར་སྐད་འཕྲིན་ནམ་ཡང་ན་བསྐུར་གླ་སྤྲོད་ས་གཞན་བརྒྱུད་ནས་བསྐུར་གླ་སྤྲད་ཚར་རྗེས། སྤྱི་བདེ་སྡེ་ཚན་ནས་ཐོབ་ཐང་ལག་འཁྱེར་བཟོས་ནས་ཐད་ཀར་བདག་པོའི་ཁྱིམ་དུ་བསྐྱལ་ཡོང་བ་རེད།

ཡར་སྔོན་ཐོབ་ཐང་ལག་འཁྱེར་ལེན་པ་ལ་མ་མཐའ་ཡང་ཉིན20ཡས་མས་ཀྱི་དུས་ཚོད་དགོས། ད་ལྟ་དམངས་ཕན་མྱུར་སྐྱེལ་དེ་མི་སྒེར་གྱི་ལས་སྒོར་སྦྲེལ་རྗེས། ཐོབ་ཐང་ལག་འཁྱེར་སྒྲུབ་པ་ནས་ལེན་པའི་བར་གྱི་རིམ་པ་མང་པོ་མེད་པ་བཟོས་ཏེ་སྟབས་བདེ་ཞིག་བཟོས་ཡོད། ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཟོ་བའི་ལྟེ་གནས་ཀྱིས་སྦྲགས་སྲིད་མྱུར་སྐྱེལ་ལས་སྒོ་གཉེར་བའི་ལག་ཁྱེར་མཚོ་སྔོན་ཞིང་ཆེན་སྦྲགས་སྲིད་མྱུར་སྐྱེལ་ཟོག་འགྲེམས་ཀུང་སིར་སྤྲད་རྗེས། རིམ་ཁག་གྲོང་ཁྱེར་དང་ཁུལ་སྲིད་གཞུང་ཡོད་སའི་གྲོང་ཁྱེར་དང་ཁུལ་དུ་ཉིན་གསུམ་ནང་ཐོབ་ཐང་ལག་འཁྱེར་ལག་ཏུ་འབྱོར་ཐུབ་ལ། ས་གནས་གཞན་དག་ཏུ་ཉིན་བདུན་ནང་འབྱོར་ཐུབ་པ་རེད།

ཞར་བཀོད། ཁ་པར་གྱི་རྩ་གཉིས་ཨང་བཤེར་ལ་བརྟེན་ནས་ཐོབ་ཐང་ལག་འཁྱེར་ཐད་ཀར་ཁྱིམ་དུ་བསྐྱལ་བའི་གོ་རིམ་ནི།

དང་པོ། ཁ་པར་གྱིས་རྩ་གཉིས་ཨང་བཤེར་ནས་ཐོབ་ཐང་ལག་འཁྱེར་དེ་ཐད་ཀར་ཁྱིམ་དུ་བསྐྱལ་བ།

གཉིས་པ། ཐོབ་ཐང་ལག་འཁྱེར་གྱི་ལས་སྒོ་སྒྲུབ་པའི་ཉིན་གཉིས་ནང་ངེས་པར་དུ་རྩ་གཉིས་ཨང་བཤེར་དགོས།

གསུམ་པ། བསྐུར་ལུགས་རང་མོས་ཡིན།
       བཞི་བ། ཞབས་ཞུའི་ཁ་པར། 09717921127

ཁོན་ཐར་འཚོས་བསྒྱུར།