ཨུ་ཡོན་རིན་ཆེན་རྒྱལ་གྱིས་ན་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་འདིང་བའི་ལས་འགོ་སྔ་མོ་ནས་བརྩམ་དགོས་པའི་བསམ་འཆར་བཏོན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ན་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ནི་ཤིན་ཅང་དང་། མཚོ་སྔོན། སི་ཁྲོན་བཅས་ནུབ་བརྒྱུད་ཀྱི་ཞིང་ཆེན་གསུམ་པོ་དང་མི་རིགས་གྲངས་ཉུང་ས་ཁུལ་སྦྲེལ་བའི་ལྕགས་ལམ་གལ་ཆེན་ཞིག་ཡིན་ལ། ནུབ་བྱང་དང་ནུབ་ལྷོའི་ཕྱོགས་སུ་འཐེན་པའི་ཕྱི་འབྲེལ་གྱི་སྐྱེལ་འདྲེན་བགྲོད་ལམ་གལ་ཆེན་དང་། “དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ”གྱི་གྲུབ་ཆ་གལ་ཆེན་བཅས་ཡིན། ད་སྔ་མཚོ་སྔོན་གྱི་ལྕགས་ལམ་ཁེབས་རྒྱ་ཆུང་ཞིང་། ནུབ་ལྷོ་ས་ཁུལ་བར་སྦྲེལ་བྱེད་ཀྱི་སྐྱེལ་འདྲེན་ལམ་ཆེན་བསྐྲུན་མེད་པ། མགོ་ལོག་དང་མཚོ་ལྷོ། རྨ་ལྷོ། ཡུལ་ཤུལ་སོགས་མི་རིགས་གྲངས་ཉུང་ས་ཁུལ་དུ་ལྕགས་ལམ་བཏིངས་མེད་པ་ལ་སོགས་ཀྱི་སྟོང་ཆ་འདིའི་སྐོར་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གྲོས་ཨུ་ཡོན་རིན་ཆེན་རྒྱལ་གྱིས་ན་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་སྔ་མོ་ནས་ལས་འགོ་ཚུགས་དགོས་པའི་བསམ་འཆར་བཏོན།

བསམ་འཆར་ནང་དུ། ན་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ནི་ན་གོར་ནས་འགོ་བརྩམས་ཏེ་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཟི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བརྒྱུད་དེ་ཁྲེང་ཏུའུ་ཡི་ལྕགས་ལམ་དྲ་བའི་བར་ལ་ཐུག་ཡོད། ལམ་ཐག་ཧྲིལ་བོར་ལེ་དབར་ཧ་ལམ1300ཡོད་ལ། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་ཆ་གལ་ཆེན་དང་ནུབ་ལྷོ་ས་ཁུལ་གྱི་དངོས་ཟོང་མྱུར་སྐྱེལ་གྱི་ལམ་བུ་ཉག་ཅིག་ཡིན། ལས་གཞི་འདིས་ནུབ་བྱང་གི་ལྕགས་ལམ་དྲ་བ་འཐུས་ཚང་དང་། ལམ་རྒྱུད་དུ་ཆགས་པའི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། ལམ་རྒྱུད་ཀྱི་རྒྱལ་ཁོངས་ས་ཞིང་གསར་སྤེལ་དང་མི་རིགས་གྲངས་ཉུང་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད། ད་སྔ་ལྕགས་ལམ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ལྕགས་ལམ་གྱི་འཕྲལ་ཕུགས་འཆར་འགོད་ནང་བླངས་ལ། མཚོ་སྔོན་གྱིས་ཀྱང་ཇུས་འགོད་སྡེ་ཚན་ལ་བཅོལ་ནས་ཞིབ་འཇུག་བྱེད་སྒང་ཡིན་ཞེས་བཀོད་ཡོད། 

རིན་ཆེན་རྒྱལ་གྱིས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་དགོས་མཁོ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་བའི་དམིགས་འབེན་དང་བླང་བྱ་དང་བསྟུན་ཆེད། རྒྱལ་ཡོངས་ཀྱི་འབྲེལ་ཡོད་པུའུ་ཨུས་བོད་ཁུལ་གྱི་ལྕགས་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོབ་ཤུགས་ཆེན་བྱེད་དགོས་པ་དང་། ལས་གཞི་དེ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཞི”བའི་ལྕགས་ལམ་འཛུགས་སྐྲུན་གྱི་འཆར་འགོད་ནང་བླངས་ནས་སྔ་མོ་ནས་ལས་འགོ་བརྩམ་དགོས་པའི་བསམ་འཆར་བཏོན།

ཁོན་ཐར་འཚོས་བསྒྱུར།