ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱ་བ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ལེན་དགོས་པའི་བསམ་འཆར་བཏོན་པ།

2019ལོའི་ཟླ12པར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་ཀྱི་བླང་བྱ་བཏོན་ཏེ་དུས་རབས་གསར་པའི་མཚོ་སྔོན་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྒོ་གླེགས་ཐོག་མར་ཕྱེས། ཡིན་ན་ཡང་གསར་འཛུགས་ཀྱི་གོ་རིམ་ཁྲོད་གནོན་ཤུགས་ཆེ་ཞིང་། མ་དངུལ་གྱིས་མི་འདང་བ། མཉམ་བསྲེས་གོང་སྤེལ་ཚད་ལ་ད་དུང་བར་ཐག་ཡོད་པ་ལ་སོགས་པའི་དཀའ་ངལ་མང་པོར་འཕྲད་ཡོད། ཐེངས་འདིའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གྲོས་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་གསར་འཛུགས་ཀྱི་བྱ་བ་འདི་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་བླངས་ནས་སྐུལ་འདེད་གཏང་དགོས་པའི་བསམ་འཆར་བཏོན་ཡོད་པ་རེད།

མགོན་པོ་བཀྲ་ཤིས་ཀྱིས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་ནམ་མིག་དཔེ་ཞིང་ཆེན་གསར་འཛུགས་ཀྱི་བྱ་བ་འདི་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་བླངས་ཏེ། སྲིད་ཇུས་དང་ལས་གཞི་གཉིས་ཀྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ནས་མཚོ་སྔོན་མི་རིགས་མཐུན་སྒྲིལ་གྱི་མཚོན་རྟགས་གྲགས་ཅན་བཟོ་དགོས་པ་དང་། “མཚོ་སྔོན་གཙག་དྲུབས” ཀྱི་ཐོན་ལས་གོང་སྤེལ་ལ་རོགས་སྐྱོར་ཆེན་པོ་བྱས་ནས་ཐོན་ལས་དང་རིག་གནས། ཡུལ་སྐོར།དབུལ་སྐྱོར་མཉམ་སྤེལ་ཐོག མི་རིགས་གྲངས་ཉུང་གི་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་དང་། དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་འཁྲིད་སྟོན་བྱ་དགོས། མཚོ་སྔོན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་ཐད་ལ་ཆེད་སྤྱོད་མ་དངུལ་བཏང་ནས“ཀྲུང་ཧྭ་མི་རིགས་ཀྱི་མཐོང་སྣང་ལས་གཞི”ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས། མི་རིགས་གྲངས་ཉུང་གི་མི་འབོར་འགྲོ་འོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལ་རྒྱབ་སྐྱོར་བྱས་ནས་མི་རིགས་ཁག་བར་གྱི་འབྲེལ་འདྲིས་བརྗེ་སྤེལ་ལ་སྐུལ་འདེད་གཏང་དགོས་ཞེས་བསམ་འཆར་བཏོན།

ཁོན་ཐར་འཚོས་བསྒྱུར།