མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོ་སོ་སོར་རང་རང་གི་འདུག་ས་ནས་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ཏེ། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་འདོན་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་སྡུར་ནན་མོ་བྱས།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྙན་ཞུ་གཉིས་ཀྱི་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་བསམ་ཕྱོགས་བྱེད་ཐབས་བཟང་ལ། འགན་སྒྲུབ་གྲུབ་འབྲས་གསར་བ་ཡིན་པ་དང་། དེ་ནི་སྤུས་ཚད་མཐོ་བའི་བྱ་བའི་སྙན་ཞུ་ཞིག་རེད། འདས་པའི་ལོ་གཅིག་ནང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་དུས་རབས་གསར་བའི་འགན་འཁྲི་གསར་བ་ཁོར་དུ་ཆུད་པར་བྱས་པ་དང་། ཆེད་དོན་གྲོས་མོལ་སྡེ་ཁག་གི་ནུས་པ་འདོན་སྤེལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་ཆེན་པོ་བཞག ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ལ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་བསྣན་པ་དང་། ཏང་འཛུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ལ།བྱ་འགུལ་གལ་ཆེན་ཁྲོད་ཀྱི་བསམ་བློ་སློབ་གསོའི་སྣེ་ཁྲིད་ལ་དོ་སྣང་བྱས་ཏེ། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་བཏང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་ནུས་པ་འབུར་དུ་ཐོན་པར་བྱས་པ་དང་། མཁྲེགས་གཏོར་ཆེན་པོ་གསུམ་གྱི་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། སྤུས་ཚད་མཐོན་པས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་མོལ་བློ་འདོན་བྱས་པ་དང་། ཕྱོགས་གཉིས་ཤུགས་འདོན་གྱི་རེ་བ་ལག་བསྟར་ནན་མོ་བྱས་ཏེ། གྲོས་མོལ་དམངས་གཙོའི་ཁྱད་འཕགས་དགེ་མཚན་དང་རིན་ཐང་མངོན་པར་བྱས་ཟེར། ཁོས་ད་དུང་མྱུར་དུ་གྲོས་མོལ་བྱ་བའི་སྒྲིག་སྲོལ་གཏན་འབེབས་བྱས་ནས། གྲོས་མོལ་བཟང་བོ་བྱེད་པའི་ཐད་གཞི་རྩའི་གཞི་འཛིན་ས་འདོན་སྤྲོད་བྱེད་པ་དང་། ནུབ་རྒྱུད་ས་ཁུལ་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ད་ལོའི་གྲོས་མོལ་འཆར་གཞི་གཙོ་བོའི་ཁྲོད་བཞག་སྟེ། ནུབ་རྒྱུད་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་བློ་འདོན་ཇུས་འབུལ་བྱེད་རྒྱུའི་གྲོས་གཞི་བཏོན།

ཨུ་ཡོན་ལིག་ཐུང་ཏི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཝང་དབྱང་གིས་ཕུལ་བའི་སྙན་ཞུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གཅིག་གྱུར་སྣེ་ཁྲིད་དུ་བྱས་ཡོད་པ་དང་། ཏང་གི་འགོ་ཁྲིད་ཀྱི་རྩ་བ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བའི་གཙོ་ཐིག སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་གནད་འགག སྲིད་གྲོས་ཨུ་ཡོན་གྱི་གཙོ་གཞི་བཅས་རྒྱུན་འཁྱོངས་བྱས་ལ། ཕུལ་དུ་བྱུང་བའི་བྱ་བའི་ལག་ལེན་དང་དངོས་གཉེར་གྱི་བྱ་བའི་བཀོད་སྒྲིག གཞུང་ལུགས་བསམ་གཞིགས་གཏིང་ཟབ་བཅས་ལ་བརྟེན་ནས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་གསལ་བཤད་བྱས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་ལམ་ལུགས་ཀྱི་དགེ་མཚན་མངོན་པར་བྱས་ཡོད། སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། སྙན་ཞུའི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། རིགས་སོ་སོ་དང་ལས་རིགས་སོ་སོར་དྲིལ་སྒྲོག་བཟང་བོ་བྱེད་པ། ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་བའི་བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱེད་དགོས་ཟེར།

ཨུ་ཡོན་རིན་ཆེན་རྣམ་རྒྱལ་གྱིས་བཤད་རྒྱུར། སྙན་ཞུ་གཉིས་ཀྱིས་མི་དམངས་སྲིད་གྲོས་ཀྱིས་མི་དམངས་བསམ་པའི་འདུ་ཤེས་མངོན་པར་བྱས་ཡོད་པ་དང་། སྙན་ཞུ་ལ་ཉན་རྗེས་སྐུལ་མ་ཆེན་པོ་ཐེབས། ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་གྱི་ཆོས་ལུགས་ལས་རིགས་མི་སྣའི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཁྲོད་ཞུགས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་སྲོལ་རྒྱུན་དར་སྤེལ་གཏོང་བ། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད། བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཨུ་ཡོན་ཅིན་ཧྭ་ཡིས་བཤད་རྒྱུར། སྙན་ཞུ་གཉིས་ནི་ང་ཚོས་ད་ལོའི་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པའི་ལས་འགན་ཡི་གེ་དང་ལམ་ཐིག་པར་རིས། དུས་ཚོད་རེའུ་མིག་ཡིན་པས། ང་ཚོ་མིང་བཏགས་ཨུ་ཡོན་ནས་འགན་འཁྲི་ཨུ་ཡོན་དུ་བསྒྱུར་ནས། མང་ཚོགས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཨུ་ཡོན་ཝང་ཅན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཝང་དབྱང་གིས་ཕུལ་བའི་སྙན་ཞུའི་ཁག་གསུམ་པའི་ནང་ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ནན་གྱིས་བསྟན་ཡོད་པས། ངས་སྙན་ཞུའི་རེ་བ་ལྟར། རྒྱལ་ཁབ་ཀྱི་ཆེད་དུ་འགན་ནུས་བསྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པ། རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ། མཚོ་སྔོན་ཞིང་སྡེ་སོ་སོར་སོང་ནས་རྟོག་ཞིབ་གཏིང་ཟབ་བྱས་ཏེ། ཞིང་སྡེ་དར་སྤེལ་དང་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཇུས་འབུལ་ཤུགས་འདོན་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅུ་བདུན་གྱིས་འདས་པའི་ལོ་གཅིག་ནང་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཐད་ཁས་ལེན་གང་ལེགས་དང་གདེང་འཇོག་ཚད་མཐོན་པོ་བྱས།