“ཁམ་བུ་ཚལ་གྱི་སྤུན་གྲོགས་གསུམ”གྱིས་དམངས་ཁྲིམས་བཤད་པ།

ཟླ5ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཀྲུང་གོ་གསར་པའི་དམངས་དོན་ཁྲིམས་གཞུང་བཅའ་ཁྲིམས་ཐོག་མ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང(མ་ཟིན)》དེ་ཚོགས་ཆེན་ལ་སྤྲད། ཁྲིམས་གཞུང་འདི་ལ་ཀུན་གྱིས“སྤྱི་ཚོགས་འཚོ་བའི་སྐོར་གྱི་ཤེས་བྱ་ཀུན་བཏུས”ཞེས་འབོད་ཅིང་བགྲང་བྱ་དྲུག་གི་རིང་ལ་སྒྲིག་རྩོམ་མཛད་ནས་གྲུབ་པ་ཞིག་རེད། གཤམ་ནས་ཁམ་བུའི་ཚལ་གྱི་སྤུན་གྲོགས་གསུམ་པོས་བཤད་པའི་དམངས་ཁྲིམས་ཀྱི་གཏམ་རྒྱུད་འདི་ལ་རོལ་མྱོང་ཞིག་བྱ། 

“བཙན་ཟས”རོལ་མཁན་ཀྲང་ཧྥའེ་འདུལ་ཐབས།

ཉིན་ཞིག་ལིའུ་པི་མ་མཇལ་ཡུན་རིང་སོང་པའི་བློས་གྲོགས་ཀུན་ཡུས་དང་ཀྲང་ཧྥའེ་གཉིས་ལ་འཕྲད་མུར་དགའ་འགུས་རབ་ཏུ་མཉེས་ཏེ་ཁམ་བུའི་ཚལ་དུ་སྟབས་ཅིག་ཏུ་ཚིག་བོར་ཞིང་མནའ་གྲོགས་བསྒྲིགས་པ་དང་བསྟུན་རྫོང་མཁར་གྱི་མགྲོན་བསུ་ཐོག་ཁང་དུ་ཕེབས་ནས་ཀྲང་ཧྥའེ་ཡི་འདོད་པ་ལྟར་བཟའ་བཏུང་གང་བཟང་ལ་རོལ། ཡུན་ཙམ་སོང་རྗེས་གསོལ་ཁང་གི་སྦྱིན་བདག་གིས་ཁོ་ཚོར་ཟས་རིན་སློང་སྐབས། ཁོ་ཚོ་གསུམ་གས་སྔ་མོ་ཁྱིམ་ནས་ཡོང་དུས་དངུལ་སྒོར་འཛིན་རྒྱུ་བརྗེད་སོང་བ་ད་གཟོད་ཚོར་ནས་སྤྲོད་ཐབས་མ་བྱུང་བ་ན། ཀྲང་ཧྥའེ་ཡིས་བཙན་དྲག་འཇིགས་སྐུལ་བསླངས་ནས་འགྲོ་རྩིས་བྱེད་སྐབས་སྦྱིན་བདག་གིས་མདུན་བཀག་ཏེ་རེ་བ་བཏོན་པར་ཀྲང་ཧྥའེ་ཁོང་ཁྲོ་མེ་ལྕེ་འབར་ཞིང་། སྦྱིན་བདག་གི་རེ་བ་དང་ལེན་མ་བྱས།

དམངས་དོན་ཁྲིམས་གཞུང་ལྟར་ན། ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཕོག་ཚེ། གནས་ཚུལ་ཛ་དྲག་འོག་ལམ་སེང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་སྐྱབས་བཅོལ་ཐབས་བྲལ་ཞིང་།  གལ་ཏེ་དུས་ཐོག་ཏུ་བྱེད་ཐབས་འདྲ་མ་བཀོལ་ན་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཚབས་ཆེན་ཕོག་སྲིད་པའི་གནས་ཚུལ་འདི་ལྟ་བུ་ལ་འཕྲད་ཚེ། གནོད་འཚེ་ཕོག་མཁན་གྱིས་ཚུལ་མཐུན་ལུགས་མཐུན་གྱི་སྒོ་ནས་བཙན་དྲག་སྤྱོད་མཁན་ནམ་གནོད་འཚེ་བྱེད་མཁན་མི་སྒེར་དམ་ཡང་ན་དེའི་རྒྱུ་ནོར་སོགས་གང་རུང་བཀག་ཉར་བྱེད་ཆོག

བལྟས་ཡོང་ན“བཙན་ཟས”རོལ་མཁན་ལིའུ་པི་དང་ཀུན་ཡུས། ཀྲང་ཧྥའེ་གསུམ་གྱིས་རྒྱས་ཟས་ཆེད་དུ་ལག་གི་མཚོན་ཆ་མི་གཡུགས་ག་མེད་བྱུང་ལ། སྦྱིན་བདག་གི་རེ་བ་ལྟར་ཟས་རིན་མི་སྤྲོད་ཐབས་མེད་གྱུར། །

མགོར་རྨས་ཕོག་པའི་ཀུན་ཡུས།

ལིའུ་པི་ཡིས་ཞུའུ་ཀྲོའུ་མཁར་བཟུང་བ་ཚའོ་ཚའོ་ཁོང་ནས་ཁྲོས་ཏེ་ནས་ལམ་སེང་དམག་བཏང་། ལིའུ་པིས་ཤེས་འཕྲལ་ཀུན་ཡུས་ལ་སོ་མཚམས་ཡག་པོ་སྲུང་དགོས་པའི་བཀའ་ཕབ། ཉིན་ཞིག་ཀུན་ཡུས་ཡིས་མཁར་ནུབ་ཏུ་སྐོར་ཞིབ་བྱེད་དུས་མཁར་ཁ་རུ་དམག་མི་གསུམ་གྱིས་ཕུབ་ཅིག་རྩོད་རེས་བྱེད་པ་མཐོང་ནས་བར་གཅོད་དགོས་བསམ་ནས་མཁར་སྒོར་འཛུལ་སྐབས་ཕུབ་དེ་དམག་མི་གསུམ་གས་ཕར་འཐེན་ཚར་རྩོད་ཀྱི་བར་ནས་ཤོར་ཏེ་ཀུན་ཡུས་ཀྱི་མགོ་ལ་ལྷུང་། ཀུན་ཡུས་དམག་མི་གསུམ་གའི་སར་བཅར་ནས་འདྲི་ཞིབ་བྱེད་དུས་སུས་ཀྱང་ངེས་ལེན་མ་བྱས་པར་ཀུན་ཡུས་ཅི་བྱ་གཏོད་བྲལ་དུ་གྱུར།

དམངས་དོན་ཁྲིམས་གཞུང་ལྟར་ན། ཐོག་ཁང་ནས་ཕྱིར་གཡུགས་པའམ་ཡང་ན་མར་ལྷུང་བའི་དངོས་པོ་གང་ཞིག གཞན་ལ་གནོད་པ་ཐེབས་ཚེ། གནོད་པ་བྱེད་མཁན་གྱིས་གནོད་པ་ཕོག་མཁན་ལ་ཁྲིམས་བཞིན་གུན་གསབ་འཇལ་དགོས། གལ་ཏེ་གནོད་མཁན་དེ་རང་ཉིད་མིན་པའི་བདེན་དཔང་གསལ་བོ་ཡོད་པ་དང་། ཡང་ན་རྩིད་ཞིབ་ཁྲོད་གནོད་མཁན་སུ་ཡིན་མཛུབ་མོས་གར་མི་ཐུབ་པའི་གནས་ཚུལ་འོག  གུན་གསབ་དེ་གནོད་འཚེ་བཟོ་སྲིད་པའི་དངོས་རྡོག་སྤྱོད་མཁན་སུ་ཡིན་པ་དེ་ཉིད་ནས་སྤྲོད་དགོས།

ཀྲང་ཧྥའེ་བཟའ་འཐོར་བརྒྱབ་པ།

ཚའོ་ཚའོ་ཡིས་ཕྱོགས་བཞིར་དམག་བརྒྱབ་ནས་རྒྱལ་ཁ་ཆེན་པོ་བླངས་ཤིང་། ལིའུ་པིས་དམག་འཐབ་ལས་ཕམ་སྟེ་ཤུལ་གྱི་འཐབ་གྲོགས་དག་འཁྲིད་ནས་ཕྱོགས་མེད་དུ་འཁྱམས། ཀྲང་ཧྥའེ་ཡིས་དཀའ་སྡུག་དེ་མ་གཟོད་པར་ལྐོག་ཏུ་ཀྲུའུ་གེ་ལིང་ལ་དངུལ་འབའ་སྐྱིས་ནས་ནང་མིའི་ལྟོ་རྒྱབ་གསོ་ཐབས་བྱས། ཕྱིས་ཀྲང་ཧྥའེ་བཟའ་ཟླ་གཉིས་དོན་ཕྲན་བུ་རྩད་དེ་མ་འཆམ་པར་འཁོན་རེས་འཛང་རེས་འཇགས་རྒྱུ་མེད་པ་ཞིག་བྱས་ནས་མཐར་བཟའ་འཐོར་གྱི་ཐོག་ལ་བབས་པ་ན། ཀྲང་ཧྥའེ་ཡི་བཟའ་ཟླས་སྐྱི་དངུལ་དེ་ཚབ་རོགས་བྱེད་མི་ཐུབ་ཅེས་ལབ་པར་ཀྲང་ཧྥའེ་འཚུབ་ཆ་ཆེན་པོ་ལངས།

དམངས་དོན་ཁྲིམས་གཞུང་ལྟར་ན། ཁྱོ་ཤུག་ཟུང་གིས་མིང་རྟགས་བཀོད་ཡོད་པའམ་ཡང་ན་དོན་དག་བྱུང་རྗེས་ཕྱོགས་གཅིག་ནས་བཟའ་ཟླ་ཐུན་མོང་གིས་ལོངས་སྤྱོད་བྱས་ཚུལ་ཁས་ལེན་པའི་ཆ་རྐྱེན་སོགས་ལྡན་ན་ཁྱོ་ཤུག་ཐུན་མོང་གི་སྐྱི་དངུལ་ལ་བརྩི་བ་དང་། བཟའ་ཟླ་ཡིན་པའི་སྐབས་སུ་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་ཉིན་རྒྱུན་འཚོ་བའི་ཐད་སྤྱད་པའི་སྐྱི་དངུལ་ཡིན་ན་ཁྱོ་ཤུག་ཟུང་ནས་འཇལ་དགོས། 

བལྟས་ཡོང་ན་སྐྱི་དངུལ་དེ་ཀྲང་ཧྥའེ་བཟའ་ཟླ་གཉིས་ནས་མཉམ་དུ་འཇལ་དགོས་པ་རེད།

ལིའུ་པིའི་ཁ་ཆེམས།

པའེ་ཏེ་གྲོང་གི་ཡུང་ཏིན་ཕོ་བྲང་དུ་ལིའུ་པི་ནི་སྙུང་གཞིས་མནར་ཏེ་དབུགས་ཆད་ལ་ཉེ་བའི་དུས་ན་ཀྲུའུ་ཁེ་ལིང་སོགས་བློན་པོ་རྣམས་སྐྱོ་གདུང་གི་མིག་མཆུ་ཁྲོམ་ཁྲོམ་འཐོར།  ལིའུ་པིས་དབུགས་རྟ་རྔ་འདྲ་བོ་ཧུར་གྱིས་མཐུད་དེ་ཀྲུའུ་ཀེ་ལིང་ལ་ཁ་ཆེམས་འདི་ལྟར་བཞག ང་རང་སོང་ཤུལ་ནས་ལིའུ་ཁྲན་ངའི་ཚབ་ཏུ་བསྐོས་ཤོག ཁྱོད་ལ་ཚའོ་ཕའེ་ལས་ལྡབ་འགྱུར་གྱི་བློ་གྲོས་དང་རྣམ་དཔྱོད་ལྡན། ལིའུ་ཁྲན་བློ་ཞན་ལ་རིག་པ་གྲུང་བོ་མིན་པས་གལ་སྲིད་ཐབས་ལ་མི་འཇོན་ཚེ་ཁྱོད་ནས་ཚབ་བྱས་ཤོག་ཅེས་ཁ་ཆེམས་བཞག ཁ་ཆེམས་དེ་ཡིག་ཐོག་གི་ཁ་ཆེམས་མིན་ཕྱིར་དེར་ཡོད་ཀྱི་མི་གཞན་དག་གིས་ཁས་ལེན་མིན་མི་ཤེས།

དམངས་དོན་ཁྲིམས་གཞུང་ལྟར་ན། འདས་པོ་མཆི་ཁར་རྐྱེན་དབང་གིས་ཡིག་ཐོག་གི་ཆེམས་འཇོག་དཀའ་བའི་གནས་ཚུལ་འོག་ངག་ཆེམས་བཞག་འཇོག་དུས་གམ་དུ་ངེས་པར་དུ་དཔང་མི་འགའ་ཡོད་དགོས། གལ་ཏེ་ཡར་སྔོན་དུ་ཡིག་ཐོག་ཁ་ཆེམས་དུ་མ་ཡོད་ལ། ནང་དོན་ཆ་ནས་ཕན་ཚུན་ཅུང་འགལ་ཟླར་གྱུར་བ་ཡིན་ན། མཐའ་མཇུག་བཞག་པའི་ངག་ཆེམས་ཚད་གཞི་འཛིན་དགོས།

བལྟས་ཡོང་ན་ལིའུ་པི་འདས་ཁར་བཞག་པའི་ཁ་ཆེམས་དེ་དོན་ལ་གནས་ཤིང་ཁྲིམས་ལུགས་དང་ཡོངས་སུ་མཐུན་པ་རེད།

སྤུན་གྲོགས་གསུམ་གྱིས་དམངས་དོན་ཁྲིམས་གཞུང་ལ་བརྟེན་ནས་དཀའ་ཁག་རེ་རེ་རང་ཤུགས་ཀྱིས་སེལ་བྱུང་བས། ང་ཚོའི་སྤྱི་ཚོགས་འཚོ་བའི་ཁྲོད་བྱུང་དང་འབྱུང་བཞིན་པའི་རྙོག་དྲ་མང་པོ་ཡང་ཁྲིམས་གཞུང་འདི་ལས་ཞི་ཐུབ་པ་གདོན་མི་ཟའོ། ། 

ཁོན་ཐར་འཚོས་བསྒྱུར།