མཚོ་ཤར་གྱི་གྲོང་ཚོ38ལ“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་གསེབ”ཀྱི་མཚན་སྙན་ཐོབ་པ།

རང་རེའི་དྲ་བའི་འཕྲིན་ལྟར་ན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“རྒྱལ་ཁབ་ནགས་ཚལ་གྲོང་གསེབ”ཀྱི་མིང་ཐོ་ཁག་གཉིས་སྔ་རྗེས་སུ་ཡོངས་བསྒྲགས་བྱས་ཤིང་། རང་རེའི་ཞིང་ཆེན་གྱི་གྲོང་ཚོ87བདམས་ཐོན་བྱུང་ཡོད་པ་རེད། དེའི་ནང་། མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཧྲི་ཧུའེ་ཡའོ་ཡུལ་ཚོ་ཐང་ལུང་ཐའེ་གྲོང་ཚོ་དང་། སན་ཧོ་གྲོང་རྡལ་ཝ་ཡའོ་ཐའེ་གྲོང་ཚོ། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཝུའེ་ཡོན་གྲོང་རྡལ་ཞའོ་ཀྲོང་གྲོང་ཚོ་སོགས་གྲོང་ཚོ38ལ་མཚན་སྙན་དེ་ཐོབ་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་གསེབ་ཅེས་པ་ནི་རང་བྱུང་སྐྱེ་ཁམས་ཀྱི་རྣམ་པ་ཡག་པོ་མ་ཉམས་པར་ཡོད་པ་དང་། གྲོང་གསེབ་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། ནགས་ཚལ་གྱི་རྣམ་པ་ཟབ་མོ་ལྡན་པ། ནགས་ཚལ་གྱི་ནུས་པའི་ཕན་འབྲས་མངོན་གསལ་དོད་པ། ནགས་ལས་དང་འབྲེལ་བ་ཡོད་པའི་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་བ། འཚོ་སྡོད་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པ། སྲུང་སྐྱོང་དོ་དམ་ནུས་ལྡན་བཅས་ཀྱི་སྐྱེ་ཁམས་འཚོ་གནས་ལ་འཚམ་པའི་གྲོང་གསེབ་ལ་ཟེར། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ནི་གྲོང་གསེབ་ལྗང་འགྱུར་དང་མཛེས་སྡུག་ལྡན་པར་དཔེ་སྟོན་སྣེ་ཁྲིད་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་གྲོང་གསེབ་ཀྱི་འཚོ་གནས་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།

ལོ་ངོ་འདི་དག་གི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་གཙོ་གནད་མངོན་གསལ་དོད་པ་དང་བྱེ་བྲག་དང་སྤྱི་ཡོངས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗང་འགྱུར་དང“སྔོ་ལྗང་སྲུང་ཡོལ་དང་། གཙང་འགྲམ་ལྗང་འགྱུར། ལྗང་མདོག་གྲོང་ཁྱེར”བཅས་ཀྱི་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་གཞི་ཁྱོན་ཆེ་རུ་བཏང་ཞིང་། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་མཚོ་ཤར་འཛུགས་སྐྲུན་བྱས། དེ་དང་ཆབས་ཅིག གྲོང་གསེབ་སྔོ་ལྗང་ཅན་དུ་བསྒྱུར་རྒྱུ་དེ་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། དགོན་ལུང་རྫོང་གིA5རིམ་པའི་ཧོར་རིགས་ཀྱི་ཕ་ཡུལ་མཛེས་ལྗོངས་ཁུལ་ལ་བརྟེན་ནས་གྲོ་ཚང་ཆུས་ཀྱི་རྡོ་རྗེ་འཆང་དགོན་པ་དང་ལིའུ་དབན་ཚོན་རྫ། གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ལ་ཅ་རྗེས་ཤུལ་འཛུགས་སྐྲུན་དང་། དེ་བཞིན་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གི་ཁམ་བུའི་མེ་ཏོག་དུས་ཆེན་སོགས་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ། ནགས་བཟོ་ལྗང་འགྱུར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། མཛེས་ལྗོངས་ཁུལ་གྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་དང་། ཞིང་པ་ཕྱུག་འགྱུར། གྲོང་གསེབ་མཛེས་སྡུག་ལྡན་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱས་པ་བརྒྱུད་དེ། ཐོན་ལས་འཕེལ་རྒྱས་རྣམ་པ་དང་། ཡུལ་སྐོར་སྤྲོ་གསེང་རྣམ་པ། དམངས་སྲོལ་གོམས་གཤིས་རྣམ་པ་བཅས་ལྡན་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁག་གཅིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

ཀླུ་མོས་བསྒྱུར།