མགོ་ལོག་ཁུལ་རྨ་སྟོད་རྫོང་རེ་ཆུ་སྡེ་བའི་དབུལ་ཁྱིམ52ཀྱིས་དགའ་སྤྲོའི་ངང་ཁེ་ཕན་བགོ་བཤའ་བླངས་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་རེ་ཆུ་སྡེ་བའི་རྨ་ཆུའི་འགོ་ཁུངས་གཏེར་ཆུའི་བཟོ་གྲྭ་ཡིས་མ་རྐང་ཟབ་ཞུགས་ཁེ་ཕན་བགོ་བཤའ་རྒྱག་པའི་ཚོགས་ཆེན་བསྡུས་པ་དང་ཡིག་ཚགས་ཅན་གྱི་དབུལ་ཁྱིམ52གྱི་མི་གྲངས160ལྷག་གིས་དགའ་སྤྲོའི་ངང་ནས་ཁེ་ཕན་བགོ་བཤའ་བླངས་པ་དང་ཆ་སྙོམས་ལྟར་ན་མི་རེར་ཁེ་ཕན་བགོ་བཤའ་སྒོར937.5རེ་ཡོད།

རྣམ་གྲངས་དེའི་ཐད་བཏང་བའི་མ་དངུལ་སྒོར་ཁྲི100ཡི་ཐོན་ལས་དེ་དབུལ་སྐྱོར་མ་དངུལ་ནས་རྨ་ཆུའི་འགོ་ཁུངས་གཏེར་ཆུའི་བཟོ་གྲྭར་ཁེབས་ཡོད། 2016ལོ་ནས2019ལོའི་ཟླ4པའི་བར་ཁྱོན་བསྡོམས་ཁེ་སྤོགས་སྒོར160000ཡོད། རེ་ཆུ་སྡེ་བའི་ཧྲུའུ་ཅི་དང་པོས་འབྲོག་དམངས་དག་ལ་ཐེངས་འདིའི་ཁེ་ཕན་བགོ་བཤའི་མ་དངུལ་གྱི་འབྱུང་ཁུངས་དང་ཁེ་ཕན་བགོ་བཤའ་རྒྱག་སྟངས་མཚམས་སྦྱོར་བྱས། དེ་དང་ཆབས་ཅིག ཐོན་ལས་དབུལ་སྐྱོར་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ཐད་ལ་ཡང་མ་ལག་རང་བཞིན་གྱི་རྒྱས་བཤད་བྱས་ཤིང་། ཡུལ་ཚོ་སྲིད་གཞུང་གི་འགན་ཁུར་མི་སྣ་དག་གིས་དབུལ་ཕོངས་འབྲོག་དམངས་ཀྱི་འཕེལ་རྒྱས་དབུལ་སྐྱོར་ཐོན་ལས་ལ་སྐུལ་འདེད་བཏང་ནས་དབུལ་ཐར་རྨང་གཞི་སྲ་མཁྲེགས་ཅན་དུ་བཏང་ཡོད་པ་བཤད།

དབུལ་ཕོངས་ཁྱིམ་ཚང་གི་འཐུས་ཚབ་པ་ཟླ་དཀར་སྒྲོལ་མས་སྤྲོ་སེམས་འཁོལ་བའི་ངང་བཤད་རྒྱུར། “ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ། གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཀྱིས་ང་ཚོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག་ཡོད། ངེད་ཚང་ལ་བཟའ་མི7ཡོད་པས་ཐེངས་འདིའི་ཁེ་ཕན་བགོ་བཤའ་ལ་ཁྱོན་བསྡོམས་སྒོར6562.5ཡོད། ཁེ་ཕན་བགོ་བཤའ་བརྒྱུད་ངེད་ཚང་ལ་དོན་དངོས་ཀྱི་ཁེ་སྤོགས་འཐོབ་ཡོད་པས་ང་ཚོའི་འཕེལ་རྒྱས་ཀྱི་ཐོན་སྐྱེད་སྔར་ལས་མཐོར་འདེགས་སུ་འགྲོ་ཐུབ་པའི་ཡིད་ཆེས་བརྟན་པོ་ཞིག་ཡོད”ཟེར།

ལོ་འདི་དག་གི་རིང་ལ། ཐོན་ལས་དབུལ་སྐྱོར་བྱ་བའི་སྤུས་ཚད་ཀྱི་ཕན་འབྲས་མཐོར་འདེགས་སུ་གཏོང་ཆེད། རེ་ཆུ་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་གིས་རོགས་རམ་དང་གཞོགས་འདེགས་གཉིས་ཀར་ཟུང་འབྲེལ་བྱེད་པའི་དབུལ་སྐྱོར་ལམ་བུར་མུ་མཐུད་དུ་ཞུགས་ནས། དབུལ་སྐྱོར་ཕྱུག་འགྱུར་གྱི་ལམ་ཕྱོགས་གསར་བ་གསར་སྤེལ་དང་དབུལ་ཕོངས་ཁྱིམ་ཚང་གི་བརྟན་འཇགས་ཡོང་འབབ་ཀྱི་ཞན་ཆ་དམ་འཛིན་སྒོས་ཀྲི་པུའུ+དབུལ་ཁྱིམ+ཁེ་ལས་བཅས་ཀྱི་དབུལ་སྐྱོར་རྣམ་གཞག་གསར་སྐྲུན་བྱས་ནས། དབུལ་ཕོངས་འབྲོག་དམངས་ཀྱི་བརྟན་འཇགས་ཡོང་འབབ་ཐད་ལ་རོགས་རམ་བྱས་ཏེ། གཞོགས་འདེགས་བྱེད་ནུས་ཆེས་ཆེར་བཏང་ནས་དབུལ་ཕོངས་མང་ཚོགས་ཀྱིས་དབུལ་ཐར་ཕྱུག་འགྱུར་ལ་སྙེག་པའི་ནང་སེམས་ཀྱི་ངར་ཤུགས་དང་སྒུལ་ཤུགས་གསར་སྤེལ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།