གཅན་ཚ་རྫོང་གིས་གློག་རྡུལ་ཚོང་དོན་ཞིང་གྲོང་དུ་བསྐྱོད་པའི་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

རང་རེའི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གིས་གློག་རྡུལ་ཚོང་དོན་དེ་ཞིང་གྲོང་དུ་བསྐྱོད་པའི་དཔེར་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་བྱ་བར་ཏན་ཏིག་སྒོས་སྐུལ་འདེད་བྱེད་ཆེད། གཅན་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག་རྫོང་བཟོ་ལས་བརྡ་འཕྲིན་ཅུའུ་ཡི་སྐུལ་འདེད་མཛུབ་སྟོན་འོག ཉེ་ལམ་གཅན་ཚ་རྫོང་གིས་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་གསབ་སྦྱོང་འཛིན་གྲྭ་དངོས་སུ་བསྡུས་པ་རེད།

ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་ནི་གཅན་ཚའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་སུ་སྤེལ་བ་དང་། གཅན་ཚ་རྫོང་བཟོ་ལས་ཚོང་དོན་དང་བརྡ་འཕྲིན་ཅན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཐང་ཞའེ་ཝུན་འཛིན་གྲྭའི་མཛད་སྒོ་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་། གཅན་ཚ་རྫོང་གི་གློག་རྡུལ་ཚོང་དོན་གྱི་རྣམ་གྲངས་འགན་ཁུར་མི་སྣ་ཧན་ཁུ་ཧྥུ་འཛིན་གྲྭའི་མཛད་སྒོ་ལ་ཞུགས་པ་རེད། གསབ་སྦྱོང་འཛིན་གྲྭ་དེས་ཀྲུང་གོ་རྒྱལ་སྤྱིའི་གློག་རྡུལ་ཚོང་དོན་ལྟེ་གནས་ཀྱི་འཆད་ཁྲིད་མཁན་དང་མི་དོན་པུའུ་ཡི་རྒྱལ་ཁབ་རིམ་པའིSIYBགསབ་སྦྱོང་རྣམ་གྲངས་ལས་གཏོད་ཀྱི་འཆད་ཁྲིད་དགེ་རྒན་ཧི་ཡོན་ལུང་ཆེད་དུ་གདན་ཞུས་སྒོས་ཐེངས་འདིའི་གསབ་སྦྱོང་ལ་སློབ་ཁྲིད་དང་མཛུབ་སྟོན་བྱེད་དུ་བཅུག་ཡོད།

གསབ་སྦྱོང་ལ་ཞུགས་པའི་སློབ་མ་དག་གི་གཅན་ཚ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་དངོས་ཟོང་སྐྱེལ་འདྲེན་ས་ཚིགས་ཀྱི་འགན་ཁུར་མི་སྣ་དང་ཁེ་ལས་ཀྱི་འགན་ཁུར་མི་སྣ། ཞིང་ཕྱུགས་མཉམ་ལས་ཁང་གི་འཐུས་ཚབ་པ། དབུལ་ཁྱིམ་ཡིག་ཚགས་ཅན་གྱི་ཁྱིམ་ཚང་གི་འཐུས་ཚབ་པ་བཅས་ཡིན། གསབ་སྦྱོང་འཛིན་གྲྭ་དང་འཛིན་གྲྭའི་བཀོལ་ཁྱབ་ཀྱི་རྣམ་གཞག་མཐོར་འདེགས་སྒོས་གསབ་སྦྱོང་བྱེད་ཆེད། ནང་དོན་གཙོ་བོའི་ཁྱབ་ཁོངས་སུ་གློག་རྡུལ་ཚོང་དོན་ཚོང་རའི་ཁོར་ཡུག་དང་མདུན་ལྗོངས་དབྱེ་ཞིབ་དང་། ཐོན་རྫས་ཀྱི་འཆར་འགོད་དང་ལེགས་འདེམས། བརྙན་ཕབ་རྨང་གཞི། ཚོང་ཁང་སྒོ་འབྱེད་ཀྱི་རྨང་གཞི། ཚོང་ཁང་གསར་འཛུགས། དྲ་ལམ་ཚོང་ཁང་གསར་འཛུགས་སོགས་འདུས་ཡོད་པས། སློབ་མ་དག་གིས་སློབ་སྦྱོང་ཁྲོད་ནས་ལས་སྒྲུབ་དང་ལས་སྒྲུབ་ཁྲོད་ནས་ཕྱོགས་སྡོམ། ཕྱོགས་སྡོམ་ཁྲོད་ནས་རང་ནུས་མཐོར་འདེགས་བཅས་སུ་བཏང་ཡོད།

གསབ་སྦྱོང་ལ་ཞུགས་པའི་སློབ་མ་དག་གིས་བསྟན་དོན། ཐེངས་འདིས་གསབ་སྦྱོང་བརྒྱུད་གློག་རྡུལ་ཚོང་དོན་གྱི་གོ་དོན་དང་རིགས་དབྱེ་ལ་རྒྱུས་ལོན་ཐུབ་པ་མ་ཟད། དྲ་ལམ་གྱི་དངུལ་སྤྲོད་བརྒྱུད་རིམ་དང་ལས་རིམ་ཁོང་དུ་ཆུད། གློག་རྡུལ་ཚོང་དོན་གྱི་ལས་གཏོད་སྲིད་ཇུས་ལ་སློབ་སྦྱོང་སྒོས་དྲ་ལམ་ཚོང་ཁང་ཕྱེད་པའི་བརྒྱུད་རིམ་ཧྲིལ་བོ་དང་ལས་གཉེར་ཐབས་ཇུས་ལ་ཡང་རྒྱུས་ལོན་ཐུབ་པར་གྱུར་པས། གློག་རྡུལ་ཚོང་དོན་གྱི་དྲ་ལམ་ཚོང་ཁང་གསར་འབྱེད་དང་དྲ་ལམ་དངུལ་སྤྲོད་ལ་ཉམས་ཞིབ་བྱས་ཡོད་ཟེར།

ཧན་ཁུ་ཧྥུ་ཡིས་བསྟན་དོན། གསབ་སྦྱོང་བརྒྱུད་ལས་གཏོད་ལས་ཞུགས་ལ་རེ་འདུན་ཡོད་མཁན་དག་གིས་གཅན་ཚའི་སྤུས་ལེགས་ཞིང་ལས་ཐོན་རྫས་དག་ཞིང་གྲོང་ནས་ཕྱིར་འབུད་ཕྱིར་འཚོང་ཐུབ་པར་རོགས་རམ་བྱས་ཤིང་། གཅན་ཚའི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་ཐ་ན་འཛམ་གླིང་གི་ས་ཁུལ་སོ་སོར་ཕྱིར་འཚོང་སྒོས་ས་གནས་ཞིང་གྲོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་རོང་འབྲོག་དབུལ་ཕོངས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་ཡང་མཐོར་འདེགས་སུ་བཏང་ཡོད་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།