【རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གནས་ཚུལ།】མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཝང་ཅན་ཅུན་ཚོགས་གཙོ་དང་ལིའུ་ཉིང་དང་ཀྲང་ཀོང་རོང་ཚོགས་གཙོ་གཞོན་པར་བདམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས21ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་མཚོ་སྔོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། ཚོགས་འདུའི་ཐོག་ཝང་ཅན་ཅུན་མཚོ་སྔོན་འཐུས་མི་ཚོགས་པའི་ཚོགས་གཙོར་བདམས་པ་དང་ལིའུ་ཉིང་དང་ཀྲང་ཀོང་རོང་ཚོགས་གཙོ་གཞོན་པར་བདམས་པ་རེད།

ཚོགས་འདུའི་ཐོག རང་ཞིང་གི་འཐུས་མི་ཚོགས་པས《རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མཚན་ཐོ(འཆར་ཟིན)》དང་། 《རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ(འཆར་ཟིན)》ལ་གྲོས་ཞིབ་བྱས་པ་མ་ཟད། ད་དུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་ཡང་བྱས་པ་རེད།

ཝང་ཅན་ཅུན་གྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ནི་ བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་སྤྱི་འདོམས་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པའི་དམིགས་བསལ་དུས་སྐབས་ཤིག་རེད་ལ། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། མཚོ་སྔོན་ཚོགས་པའི་འཐུས་མི་ཡོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལག་ལེན་ཐུབ་པ་བཅས་བྱ་དགོས་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅངས་ནས་ཚོགས་འདུ་ཡག་པོ་འཚོག་པ། ལས་འགན་ཡག་པོ་འཁུར་བ། འགན་འཁྲི་ཡག་པོ་བསྒྲུབ་པ་བཅས་བྱས། བསམ་བློའི་ཐོག་ཚད་མཐོའི་མཐོང་ཆེན་དང་། གྲ་སྒྲིག་ཐོག་ནན་ཏན་གང་ལེགས། སྒྲིག་ཁྲིམས་ཐོག་བླང་བྱ་ནན་པོ་འདོན་པ། བདེ་འཇགས་ཐད་ནོར་བ་གཏན་ནས་མེད་པ་དང་། སྔར་བཞིན་སྤྱོད་ཚུལ་བཟང་པོ་འཛུགས་པ་དང་དར་སྤེལ་གཏོང་བ། རང་ཞིང་གི་འཐུས་མིའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ནས་ཚོགས་འདུའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་སྲུང་བྱ་དགོས་ཞེས་བསྟན།

ཉིན་དེའི་སྔ་དྲོ་རང་ཞིང་གི་འཐུས་མི་ཚོགས་པས་འཐུས་མིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་འབུལ་རྒྱུའི་གྲོས་གཞི་དང་བསམ་འཆར་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས་པ་རེད།

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིན་གོ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མོང་ཡུང་ཧྲན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།