མཚོ་སྔོན་འཐུས་མི་ཚོགས་པས་འཐུས་མིའི་གྲོས་འགོ་དང་ཇུས་གཞི་ལ་གྲ་སྒྲིག་ཞིབ་ཚགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ང་ནི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་ནས་ཡོང་བ་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་མ་ལག་བཅོས་སྒྱུར་བྱེད་པར་དམིགས་སུ་བཀར་ནས་དོ་ཁུར་བྱས་པ་ཡིན། དུས་འགོའི་བརྟག་ཞིབ་དང་ཚོགས་འདུ་གཉིས་ཀྱི་ཐོག་ཐབས་འདོན་ཇུས་འབུལ་བྱས་པ་བརྒྱུད་དེ། རང་ཞིང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ལ་དོ་ཁུར་བྱ་རྒྱུ་དེ་གྲོས་གཞིར་ཕུལ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་འགན་འཁྲི་བསྒྲུབས་ཡོད།” རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་ཉེར་ཡོད་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཱ་ཕུའུ་ཁྲང་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་བརྟན་དུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་ཚོགས་རར་འཁྱེར་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཉིན་ཤས་བསྟུད་མར་མཚོ་སྔོན་འཐུས་མི་ཚོགས་པས་འཐུས་མིའི་གྲོས་འགོ་དང་ཇུས་གཞི་ལ་གྲ་སྒྲིག་ཞིབ་ཚགས་བྱས་པ་རེད། ནོར་སྲིད་དཔལ་འབྱོར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན། བཟོ་ལས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་ཚོགས་དང་སྤྱི་པའི་བྱ་བ་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད། ད་དུང་འཐུས་མིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་རྗེས་གྲུབ་པའི་གྲོས་འགོ་དང་ཇུས་གཞི་འགའ། སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་ཚོགས་འདུའི་སྐབས་ཚོགས་ཆེན་ལ་འབུལ་རྒྱུ་རེད།

བརྟག་ཞིབ་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་གྲོས་འགོ་དང་ཇུས་གཞི་རེ་རེ་བཏོན་པ་དེས། མཚོ་སྔོན་མི་དམངས་ཀྱི་དོ་ཁུར་དང་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་ཞིང་འཚོ་བར་རེ་བས་ཁེངས་ཡོད་པ་མཚོན་ལ། དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། ད་ལོའི་འཐུས་མིས་གྲོས་གཞི་འདོན་པའི་བྱ་བ་སྔ་ཙམ་བཀོད་སྒྲིག་དང་བྱེད་སྟངས་གསར་གཏོད་བྱས་ཤིང་། མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཐོག་མར་གྲོས་གཞིའི་གྲ་སྒྲིག་ལས་ཀར་ཞུགས་པར་གདན་འདྲེན་ཞུས་ནས་རང་རང་གི་འགན་ནུས་དང་ཟུང་འབྲེལ་བྱས། ཁ་གཏད་དང་ཆེད་ལས་ཀྱི་ཟུར་ངོས་ཐོག་ནས་གྲོས་གཞིའི་དཔྱད་གཞི་ལ་བསམ་འཆར་བཏོན་ཏེ་གྲོས་འགོའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱས་ཤིང་། ཞིང་ཆེན་སྲིད་གཞུང་གིས་ཆེད་མངགས་ཚོགས་འདུ་ཐེངས་དང་པོར་འཚོགས་ནས་བཀོད་སྒྲིག་བྱས་པ་དང་། གྲོས་འགོ་དང་ཇུས་གཞི་ལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་བྱ་བའི་ལངས་གནས་མཐོ་བ་དང་། རིམ་པ་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་སྐུལ་འདེད་བྱེད་པ། ལས་ཚབ་བྱ་བ་ཨུ་ལྷན་གྱིས་ཐོག་མར་འཐུས་མི་མི་སྒེར་གྱིས་གྲ་སྒྲིག་བྱས་པའི་གྲོས་འགོ་ལ་བསྡུ་རུབ་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་བསམ་འཆར་བསྡུ་ལེན་བྱ་རྒྱུར་ཕུལ་ནས་བཟོ་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་རོགས་རམ་བྱས་པ་རེད། དེ་མིན། འཐུས་མི་ཚོས་ད་དུང་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས། བཅར་འདྲི་དང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་རྣམ་པར་ཟུར་ཞུགས་བྱས་ནས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་ཟབ་མོ་བྱས། རང་འཁྲིའི་བྱ་བའི་ཁྱབ་ཁོངས་དང་ཟུང་འབྲེལ་གྱིས་འཐུས་མི་མི་སྒེར་གྱི་གྲོས་འགོའི་འཆར་ཟིན་ཧུར་ཐག་བཀོད་དེ་ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བསམ་འདུན་གང་ལེགས་མཚོན་པར་བྱས་ཡོད།

འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་འགན་སེམས་དང་བསམ་པའི་འཁྱེར་སོ་བཟང་པོར་བརྟེན་ནས། ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ་ཁག་དང་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ལ་གྲོས་ཞིབ་ནན་ཏན་བྱས། ཐབས་འདོན་ཇུས་འབུལ་ཧུར་ཐག་སྒོས་སྤུས་ཚད་མཐོ་བའི་འཐུས་མིའི་གྲོས་འགོ་དང་ཇུས་གཞི་བཏོན་ཡོད། ཚོགས་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དང་བླང་བྱ་ཁག་ལ་བརྩི་སྲུང་བྱས་ཏེ། མཚོ་སྔོན་གྱི་འཐུས་མི་ཚོགས་པས་རང་འགན་གཙང་སྒྲུབ་དང་དམངས་ཆེད་མགྲིན་ཚབ་ཀྱི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པར་བྱས་ཡོད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱ་དགོས་ཟེར།

གཡང་སྐྱིད་ཀྱིས་བསྒྱུར།