རྟ་ཐང་ཤར་འགག་གི་ཇ་ཁང་དང་སྤྲོ་སྐྱིད་གསོལ་ཁང་རིམ་བཞིན་སྒོ་ཕྱེ།

ལས་བྱེད་མི་སྣས་ཡུལ་སྐོར་བའི་ལུས་པོའི་ཚ་གྲང་ལ་བརྟག་བཞིན་པ།

རང་རེའི་དྲ་བའི་འཕྲིན། ནམ་ཟླ་རིམ་བཞིན་ཇེ་དྲོ་རུ་སོང་བ་དང་བསྟུན་ནས་སྡོང་ལོ་ལ་མྱུ་གུ་འབུས་ཤིང་མེ་ཏོག་རྣམ་པར་བཞད་པས། རྟ་ཐང་ཤར་འགག་ཇ་ལོའི་སྐྱེད་ཚལ་གྱི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གིས་གོ་རིམ་ལྡན་པའི་ངང་ནས་ལས་འགོ་བསྐྱར་དུ་བཙུགས་པ་རེད།

ཟླ5ཚེས19ཉིན་གྱི་དུས་ཚོད15ཡི་སྟེང་། རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཤར་འགག་གྲོང་རྡལ་ཁང་ལི་སྡེ་བའི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གི་སྒོ་མདུན་དུ་རླངས་འཁོར་དག་འཕྲོ་རིམ་འཕྲོར་བསྡད་ཡོད། ཞིང་ཁྱིམ་སྤྲོ་སྐྱིད་གླིང་གི་སྒོ་ཆེན་ཁ་རུ་མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་ཨང་བཤེར་སྦྱར་ཡོད། དེ་མིན་ད་རུང་ཅོག་ཙེ་ཞིག་བཤམས་འདུག་ལ། སྟེང་དུ་དུག་སེལ་བཤེར་ཁུ་ཤེལ་དམ་དོ་དང་ཐོ་འགོད་དེབ་ཆུང་གཉིས། ལུས་དྲོད་བརྟག་དཔྱད་ཆས་བཅས་བཤམས་འདུག ཡུལ་སྐོར་མི་སྣ་དག་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དུ་ཁམས་གཡེང་ལ་འོངས་ན་ཐོག་མར་མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་ཨང་བཤེར་དང་ལུས་པོའི་ཚ་གྲང་བརྟག་དཔྱད། དངོས་མིང་ཐོ་འགོད། དུག་སེལ་བཅས་བྱ་དགོས། ཡོད་ཚད་རྒྱུན་ལྡན་ཡིན་ཚེ་ད་བཟོད་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དུ་འཛུལ་ཆོག་པ་ཡིན།

ཞིང་ཁྱིམ་སྤྲོ་སྐྱིད་གླིང་དུ་འཛུལ་བ་ན་ཡུལ་སྐོར་བ་སྐོར་ཞིག་གིས་སྲེག་ཟས་བཟའ་ཞོར་ཝུ་ཆང་འཐུང་ཞོར་ གླུ་དབྱངས་ལེན་བཞིན་ཡོད་པས་ངོ་མས་སྤྲོ་སྐྱིད་ལྡན་པ་ཞིག་རེད། ཡུལ་སྐོར་པ་སྐུ་ཞབས་ཀྲང་གིས་བཤད་རྒྱུར། ལས་ཀའི་རེས་མོས་གུང་གསེང་དང་བསྟུན་ནས་གྲོགས་པོ་ཚོ་དང་མཉམ་དུ་གནས་འདིར་ཁམས་གཡེང་བྱེད་དུ་འོངས་བ་ཡིན་ལ། རང་ཉིད་ཀྱིས་ཟ་མ་བསྐོལ་བ་དེ་ཡང་ལོངས་སྤྱོད་ཅིག་ཡིན་ཟེར།

ཞིང་ཁྱིམ་སྤྲོ་སྐྱིད་གླིང་གི་འགན་ཁུར་མི་སྣ་བུད་མེད་ཧན་གྱིས་ངོ་སྤྲོད་བྱེད་རྒྱུར། ཞིང་ཁྱིམ་སྤྲོ་སྐྱིད་གླིང་ནི་ཟླ5པའི་ཟླ་སྟོད་ལ་རིམ་བཞིན་ལས་འགོ་བསྐྱར་དུ་བརྩམས་པ་ཡིན། འོན་ཀྱང་དེ་འདྲ་ཞིག་ཡིན་རུང་ལྔ་གཅིག་དུས་སྐབས་སུ་ཞིང་ཁྱིམ་སྤྲོ་སྐྱིད་གླིང་ལ་ཡུལ་སྐོར་མི་སྣ་མཚམས་མི་ཆད་པ་རེད་ཟེར།

བུད་མེད་ཧན་གྱིས་བཤད་རྒྱུར། ང་ཚོའི་འདི་རུ་ཤིང་ཁང་གྱན24ཡོད་ལ། ཁྱོད་ཀྱིས་དེ་དག་གི་ནང་ནས་ཚོད་མ་འདེམས་པ་དང་ཕྱི་རོལ་དུ་བསྲེགས་བཟོས་བྱེད་པ་སོགས་བདམས་ཆོག་པས་ང་ཚོས་ཡོ་བྱད་མཁོ་སྤྲོད་བྱས་ཡོད་ཟེར། གལ་ཏེ་ཡུལ་སྐོར་བ་དག་གཟའ་མཇུག་ལ་གནས་འདིར་ཁམས་གཡེང་བྱེད་དུ་འོངས་འདོད་ཚེ་ངེས་པར་དུ་སྔོན་ལ་དུས་ཆད་བྱེད་དགོས། བུད་མེད་ཧན་གྱི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དུ་སྡེ་བ་འདིའི་སྡེ་མི13ལ་ལས་ཞུགས་སྤྲད་ཡོད།

འདི་ལྟ་བུའི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་ཁང་ལི་སྡེ་བ་རུ་མི་ཉུང་བ་ཞིག་ཡོད། སྡེ་མི་ཝང་ཀོ་ཚུན་ཚང་གི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་གིས་ཀྱང་ལས་འགོ་བསྐྱར་ཚུགས་ལ་གྲ་སྒྲིག་བྱེད་བཞིན་བདེ་ཐང་ཨང་བཤེར་དང་དུག་སེལ་བཤེར་ཁུ། ལུས་ཀྱི་ཚ་གྲང་མཇལ་ཆས། འཕྲོད་བསྟེན་གཙང་སྦྲ་བྱེད་པ་བཅས་ཁོ་ཚོས་དུས་ངེས་མེད་ངང་ཡུལ་སྐོར་བ་ལ་སྣེ་ལེན་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད།

གནམ་གཤིས་རིམ་བཞིན་ཇེ་དྲོ་རུ་འགྲོ་བཞིན་ཡོད་མོད། ཉིན་གཉིས་ཀྱི་ཡར་སྔོན་དུ་རྟ་ཐང་ས་ཁུལ་ལ་སྔར་བཞིན་ཁ་བ་བབས། གངས་རིའི་འདབས་རོལ་ཏུ་མེ་ཏོག་གི་འདབ་མ་སྔར་བཞིན་རྣམ་པར་བཞད། དྲོད་གྲང་ཟུང་སྡེབ་ཀྱི་མཛེས་ལྗོངས་དག་གིས་ཉེ་རྒྱང་ཀུན་ནས་ཐོན་པའི་ཡུལ་སྐོར་བ་དག་ལ་སྣེ་ལེན་བྱེད་བཞིན་ཡོད།

ཡུལ་སྐོར་འགྲུལ་བ་རིམ་བཞིན་ཇེ་མང་དུ་སོང་བ་དང་བསྟུན། ཤར་འགག་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་མི་སྣ་དག་གིས་ལྷོད་གཡེང་གཏན་ནས་མི་བྱེད་པར་ལྟ་རྟོག་ནན་མོ་དང་ཞིབ་བཤེར་བརྒྱུད་དེ་རིམས་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་པ་དེ་ནི་་ཁོ་ཚོའི་ཉིན་རྒྱུན་བྱ་བའི་དགོས་ངེས་གལ་ཆེན་ཞིག་ཡིན་ཟེར།

ཁང་ལི་སྡེ་བའི་ཡུལ་སྐོར་དཔལ་འབྱོར་ཐད་ཤར་འགག་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་ཝང་ཡོན་ཆོན་གྱིས་བཤད་རྒྱུར། ཁང་ལི་སྡེ་བའི་ལོ་གཅིག་གི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི50ལྷག་ཡིན་ཞིང་། སྡེ་བའི་ནང་དུ་ཁངས་ཤུད་ར་བ་དང་ཞིང་ཁྱིམ་སྤྲོ་སྐྱིད་གླིང་། ཇ་ཁང་། ཁ་ཏེན་རླངས་འཁོར། རོལ་རྩེད་ཐང་ཆེན་སོགས་ཡོད། དགུན་ཁར་ཟི་ལིང་འདུས་པའི་མཐའ་འཁོར་གྱི་ཡུལ་སྐོར་བ་དག་གི་ཁངས་ཤུད་སྟེགས་འདོད་ཀྱི་འདུན་པ་བསྐངས་པ་དང་དབྱར་ཁར་ཡུལ་སྐོར་བ་དག་རི་འགོར་འཛེགས་བཞིན་ཡོད། ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་པོའི་འགྲན་རྩོད་དེར་ཤར་འགག་གྲོང་རྡལ་གྱི་གྲོང་རྡལ་སྲིད་གཞུང་དང་སྡེ་མི་དག་གིས་དོ་ཁུར་ཆེན་པོ་གནང་བཞིན་ཡོད། ཁོ་ཚོས་ཧུར་ཐག་འཚོལ་ཞིབ་སྒོས་སྡེ་བ་གཅིག་ལ་ཁྱད་ཆོས་གཅིག་གཞིར་བཟུང་སྟེ། དམངས་ཁང་ཡུལ་སྐོར་གསར་སྐྲུན་དང་ཁམས་གཡེང་རིག་གནས་ཡུལ་སྐོར། ལུས་རྩལ་ཡུལ་སྐོར། གསོལ་ཚིགས་ཡུལ་སྐོར། དམངས་སྲོལ་ཡུལ་སྐོར་སོགས་བརྗོད་དོན་མི་འདྲ་བའི་ཁྱད་ལྡན་ཡུལ་སྐོར་ཚོང་རྟགས་གསར་སྐྲུན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།