རང་ཞིང་གིས་དམངས་ཕན་ཞིང་ཕན་གཟིགས་སྐྱོང་གི་ཞིང་ལས་ནོར་སྲིད་གསབ་དངུལ“གཅིག་ཆོད་བྱང་བུ”ཐོག་མར་བཀྲམ་པ།

ཟླ5ཚེས20ཉིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་སྔོན་ཞིང་ལས་ཚོང་དོན་དངུལ་ཁང(ཞིང་ལས་ཡིད་རྟོན་ཁང)ལ་མཉམ་འབྲེལ་སྒོས་ཙོང་ཁ་ས་ཁུལ་གྱི་ཐེན་ཅ་ཀྲེ་གྲོང་རྡལ་དུ“མཚོ་སྔོན་གྱི་དམངས་ཕན་ཞིང་ཕན་གཟིགས་སྐྱོང་གི་ནོར་སྲིད་ཁ་གསབ‘གཅིག་ཆོད་བྱང་བུ’དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཚོང་དངུལ་ཁང་གི་རབས་གསུམ་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་ཐོག་མར་བཀྲམ་པའི་མཛད་སྒོ”སྤེལ་ནས། སྤྱི་ཚོགས་འགན་སྲུང་བྱང་བུ་བརྒྱུད་དེ་རང་ཞིང་གི་དམངས་ཕན་ཞིང་ཕན་གཟིགས་སྐྱོང་གི་ནོར་སྲིད་ཁ་གསབ་ཐོག་མ་གནང་བ་རེད།

བྱང་བུ་བཀྲམ་པའི་མཛད་སྒོའི་སྟེང་ཙོང་ཁའི་ཞིང་ལས་ཚོང་དོན་དངུལ་ཁང་གིས་སྡེ་མི་དག་ལ་ཡུལ་དངོས་ནས་རབས་གསུམ་པའི་སྤྱི་ཚོགས་འགན་སྲུང་བྱང་བུ78གསར་བཟོ་དང་སྤྱི་ཚོགས་འགན་སྲུང་བྱང་བུ298གསར་འབྱེད་བྱས། གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ366ཕྱིར་བཀྲམ་སྒོས་དམངས་ཕན་གཟིགས་སྐྱོང་གི་ཁ་གསབ་མ་དངུལ་སྒོར་ཁྲི1.6བླངས་པ་རེད། དེར་མ་ཟད་ཐེན་ཅ་ཀྲེ་གྲོང་ཁྱེར་ཉེ་འཁོར་གྱི་སྡེ་མི་དག་ལ་དྲིལ་སྒྲོག་ཤོག་བྱང1300བཀྲམ་པ་དང་སྤྱི་ཚོགས་འགན་སྲུང་བྱང་བུའི་འབྲེལ་ཡོད་ཤེས་བྱ་སྒྲོག་སྦྱོང་གིས་སེམས་པ་དྲོད་ཀྱིས་ཁེངས་བའི་ཞབས་ཞུ་མང་ཚོགས་ཀྱི་སེམས་ལ་སིམ་དུ་བཅུག

ཞིང་ཆེན་ཞིང་ལས་ཡིད་རྟོན་ཁང་གི་ཀྲུའུ་རེན་གཞོན་པ་སུང་ཞའོ་ཧྭ་ཡིས་བཤད་རྒྱུར། དེ་ལམ་ཞིང་ལས་ཡིད་རྟོན་ཁང་ལ་ཞིང་ཆེན་ཧྲིལ་བོར་དྲ་ལམ་ས་ཚིགས368དང་ཞིང་ཕན་གཟིགས་སྐྱོང་ཞབས་ཞུའི་ས་ཚིགས3100ཡོད། མཚོ་སྔོན་ཞིང་ལས་ཡིད་རྟོན་ཁང་གིས་ཁྱབ་རྒྱ་ཆེ་བའི་གནས་བབ་ལེགས་པོ་འདོན་སྤེལ་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དམངས་ཕན་ཞིང་ཕན་གྱི་གཅིག་ཆོད་བྱང་བུ་ལག་བསྟར་དངོས་འབེབས་བྱས་པས། མང་ཚོགས་སྡེ་བ་ལས་ཕྱིར་མ་ཐོན་རུང་རིམ་པ་སོ་སོའི་དམངས་ཕན་ཞིང་ཕན་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་ངེས་ཟེར།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། 2019ལོར་རང་ཞིང་གིས《སྔར་ལས་ལྷག་པའི་སྒོ་ནས་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ“གཅིག་ཆོད་བྱང་བུའི”བདག་དོམ་ལག་བསྟར་སྐོར་གྱི་བསམ་འཆར》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པས། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གོམ་གང་མདུན་སྤོས་སྒོས་སྤྱི་ཚོགས་འགན་སྲུང་བྱང་བའི་རྨང་གཞི་ལ་རྒྱབ་རྟེན་བཅོལ་ནས། དམངས་ཕན་ཞིང་ཕན་ནོར་སྲིད་ཀྱི་གཅིག་ཆོད་བྱང་བུར་མཐུད་སྦྲེལ་བཏང་ནས་སྡེ་ཁག་ལ་སྣེ་ཁྲིད་དང་ནུས་ཤུགས་གང་ཡོད་སྒོས་གཅིག་ཆོད་བྱང་བའི་བྱ་བར་སྐུལ་འདེད་བཏང་། དངུལ་ཁང་ལ་མཉམ་འབྲེལ་མཉམ་སྒྲུབ་སྒོས་མགྱོགས་མྱུར་བྱང་བུ་གསར་བཟོའི་དྲ་ཚིགས་དང་བྱང་བུ་བཀྲམ་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། བྱང་བུ་མེད་པའི་མི་ལ་བྱང་བུ་བྱིན་པར་མ་ཟད། སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུ་དེ་སྡེ་བ་དང་གྲོང་རྡལ། གཞིས་ཁུལ་བཅས་ལ་ཁྱབ་པར་བྱས་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་པའི་ལས་དོན་སྒྲུབ། དམངས་ཕན་ཞིང་ཕན་ལ་རོགས་སྒྲུབ་བྱེད་པའི་ནོར་སྲིད་ཁ་གསབ་གཅིག་ཆོད་བྱང་བུའི་སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱས།

ད་ལྟའི་བར་ཞིང་ཆེན་ཡོངས་ལ་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྲི545བཀྲམ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་གཏན་སྡོད་མི་གྲངས་ཀྱི90%ཡན་ལ་ཁེབས་ཡོད་པས། རང་ཞིང་གི་དཔར་བཀྲམ་ཁ་གྲངས་ཆེས་མང་ཞིང་ཁྱབ་རྒྱ་ཆེས་ཆེ་བའི་དམངས་ཚིས་བྱང་བུ་ཞིག་ཡིན་ལ། ད་རུང་སྲིད་དོན་ཞབས་ཞུ་དང་དམངས་ཚིས་ཞབས་ཞུ། དངུལ་རྩའི་ཞབས་ཞུ་སོགས་མཉམ་བསྲེས་ཀྱི་བྱེད་ནུས་ངོ་བོ་གཅིག་ཅན་གྱི་དམངས་ཚིས་བྱང་བུ་ཞིག་ཀྱང་ཡིན། རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་འགན་སྲུང་བྱང་བུ་འདོན་སྤེལ་ངང་། སྲིད་གཞུང་གི་སྤྱི་གཞུང་ཞབས་ཞུ་དང་དམངས་ཚིས་ཁྱབ་ཁོངས་སུ་གཅིག་ཆོད་བྱང་བུའི་བྱེད་ནུས་ཐོན་དུ་བཅུག་ཡོད། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་ལ་དུས་ལྟར་མ་དངུལ་འདང་ངེས་སྒོས་བདེ་འཇགས་སྒོས་ཕྱིར་འདོན་བྱེད་པར་འགན་སྲུང་བྱས་པས་མང་ཚོགས་ལ་འཐོབ་སྣང་དང་སྐྱིད་སྣང་སྔར་ལས་ཆེ་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།