【ཚོགས་ཆེན་གཉིས་ཀྱི་ལོ་ངོ་འདི།】འཐུས་མིའི་བྱ་བ་ལེགས་བཅོས། འཐུས་མིའི་ནུས་ཤུགས་རྩལ་འདོན།

ཀྲུང་དབྱང་བརྙན་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། (གསར་འགྱུར་མཉམ་སྒྲོག) མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གཙོ་གཞིའི་གོ་གནས་ལ་བརྩི་འཇོག་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱ་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འཐུས་མིའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད།

ཕན་པའོ་ཁྲུན་ནི་ཨན་ཧུའེ་ཡི་དམངས་གཉེར་ཁེ་ལས་ག་གེ་མོ་ཞིག་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་ལ། ཁོང་དང་ཁ་པར་ཐོག་བཀའ་མོལ་གནང་མཁན་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞན་ཐེ་ཁེ་རེད། ན་ནིང་ཟླ8པར་ཞན་ཐེ་ཁེ ཕན་པའོ་ཁྲུན་གནས་སའི་ཁེ་ལས་སུ་རྟོག་ཞིབ་བྱེད་པར་འགྲོ་མྱོང་ཡོད། དེ་རིང་ཁོང་གིས་ཡང་བསྐྱར་ས་གནས་དེ་གའི་ཁེ་ལས་ཀྱི་དེང་སྐབས་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིག་བྱེད་འདོད།

2019ལོ་ནས་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི159ཡིས་ཡུལ་དངོས་སུ་འདྲི་རྩད་དང་། ཁ་པར། སྐད་འཕྲིན། འཕྲིན་ཡིག་སོགས་ཀྱི་བྱ་ཐབས་སྤྱད་དེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་440དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་པ། བསམ་འཆར་དང་གྲོས་གཞི་བརྒྱ་ལྷག་བཏོན་ནས་བརྒྱུད་སྤྲོད་བྱས་ཡོད།

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི“མི་སེར་གྱི་མགྲིན་ཚབ་པ”ཡིན་ཞིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འབྲེལ་བ་དམ་ཟབ་བྱས་པར་གཞི་ནས་དམངས་ཀྱི་འདོད་བློ་རྒྱུས་ལོན་ཐུབ་ཀྱི་ཡོད། འབྲེལ་བ་ངོ་མ་བྱེད་པ་དང་ཕན་འབྲས་ངོ་མ་ཐོན་པར་བྱེད་པ། 2019ལོ་ནས་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྡོམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས322རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་བྱེད་པར་གདན་འདྲེན་ཞུས་ཤིང་། སྔ་གཞུག་ཏུ་འཐུས་མི་ཞུགས་པའི་བཞུགས་མོལ་ཚོགས་འདུ་ཐེངས6འཚོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི290ཡིས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་བློ་མཐུན་དང་ངོ་ཐུག་གདོང་འཕྲད་ཀྱིས་བསམ་བློབ་བརྗེ་རེས་བྱས་པ་དང་། མི་དམངས་འཐུས་ཚོགས་ཀྱི་བྱ་བ་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་དང་འབྲེལ་བ་ཡོད་པའི་བསམ་འཆར་དང་གྲོས་གཞི277བཏོན་ཡོད།

འཐུས་མིར་འབྲེལ་བ་དམ་ཟབ་བྱས་ན་འཐུས་མིས་སྔར་བས་རང་འགུལ་ངང་ཁྲིམས་ལྟར་འགན་འཁྲི་བསྒྲུབ་ཐུབ་ལ། དམངས་ཀྱི་ཆེད་དུ་སྐད་རྒྱག་པར་སྐུལ་འདེད་གཏང་ཐུབ། ནུས་ལྡན་ངང་གྲོས་གཞི་དང་གྲོས་འགོ་བསྒྲུབ་པ་ནི་འཐུས་མིའི་འབོད་སྒྲར་ཨ་ལན་སློག་པ་དང་མི་དམངས་ཀྱི་རེ་ཞུ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་ཡོད། དེང་སྐབས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་སྐབས་འཐུས་མི་ཚོས་བཏོན་པའི་གྲོས་གཞི་491དང་གྲོས་འགོ8160ཚང་མ་བསྒྲུབས་ཟིན་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།