ཁྲི་ཀ་རྫོང་གིས་བྱེད་ཐབས་སྣ་མང་བཏོན་ནས་རོང་འབྲོག་མང་ཚོགས་ཀྱི་བཏུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས་པ།

རང་རེའི་དྲ་བའི་འཕྲིན། དུས་ཡུན་ངེས་ཅན་གྱི་ནང་དུ་སྤུས་ཚད་མཐོན་པོའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་རྒྱུན་འཁྱོངས་བྱེད་པ་དང་། རོང་འབྲོག་ས་ཁུལ་གྱི་བཏུང་ཆུའི་བདེ་འཇགས་ལ་དོན་དངོས་འགན་སྲུང་བྱ་ཆེད། ལོ་འདི་དག་གི་རིང་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས“ཆུ་ལ་གྲོན་ཆུང་བྱེད་པ་གཙོ་བོ་དང་བར་སྟོང་དོ་མཉམ། མ་ལག་བཅོས་སྐྱོང་། སྟོབས་ཤུགས་འདོན་སྤེལ”བཅས་ཀྱིས་ཆུ་བེད་བཅོས་སྐྱོང་བསམ་བློ་བརྒྱུད། ནུས་ཤུགས་གང་ཡོད་སྒོས་རོང་འབྲོག་ས་ཁུལ་གྱི་བཏུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས་པ་རེད།

དེ་ཡང་དབུལ་ཐར་མཁྲེགས་གཏོར་བྱ་བ་འགོ་ཚུགས་པ་ནས་བཟུང་། ཁྲི་ཀ་རྫོང་གིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར4.9བཏང་སྟེ་ཆུ་བེད་གནད་འཁེལ་དབུལ་སྐྱོར་འཛུགས་སྐྲུན་གྱི་རྣམ་གྲངས29ལག་བསྟར་བྱས་ནས། ཁྲི་ཀའི་ཁྱིམ་ཚང་ཁྲི1.77དང་མི་གྲངས་ཁྲི6.85ཡི་བཏུང་ཆུའི་བདེ་འཇགས་ཀྱི་གནད་དོན་རྩ་བ་ཉིད་ནས་ཐག་གཅོད་བྱས་པ་དང་། མི་གྲངས་ཁྲི2.61གི་ཞིང་སའི་སྤྱི་ཆིངས2106གི་ཆུ་ལོག་སྔོན་འགོག་བདེ་འཇགས། འདམ་ཆུ་བཞུར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ32ལ་བཅོས་སྐྱོང་བྱེད་ཐུབ་པར་གྱུར།

ནང་སྒོས་སུ2016ལོར་ཁྲི་ཀ་རྫོང་གིས་ཞིང་སྡེའི་བཏུང་ཆུའི་བདེ་འཇགས་བཟོ་སྐྲུན་གྱི་ཆུའི་རྒྱུ་སྤུས་ཞིབ་བཤེར་ཚད་ལེན་ལྟེ་གནས་གསར་འཛུགས་བྱས་པ་བརྒྱུད། འཚོ་བའི་བཏུང་ཆུ་ཡི་འཕྲོད་བསྟེན་ཚད་གཞིའི་རེ་འདུན་གཞིར་བཟུང་སྟེ། ཐན་སྐམ་དུས་སྐབས་དང་ཆུ་རྒྱས་པའི་དུས་སྐབས་སོ་སོར་ཞིང་སྡེའི་མི་བཏུང་ཆུའི་བཟོ་སྐྲུན་ལས་ཆུ་འདོན་སྤྲོད་བྱེད་པ། འདྲེན་སྦུགས་ཆུའི་རྒྱུ་སྤུས་ཐད་ལ་ཞིབ་བཤེར་ཚད་ལེན་བྱེད་པ། ཞིབ་བཤེར་ཚད་ལེན་གྱི་རྣམ་གྲངས་གཙོ་བོ་ལ་ཚོར་དབང་རང་བཞིན་གྱི་རྣམ་པའི་སྤྱིར་བཏང་གི་རྫས་འགྱུར་ཚད་གཞི་དང་དུག་ནུས་ཚད་གཞི། སྐྱེ་དངོས་ཕྲ་རིབ་རིག་པའི་ཚད་གཞི། དུག་སེལ་འབྲེལ་ཡོད་ཚད་གཞི་བཅས་འདུ། ཁྱོན་བསྡོམས་ཆུའི་མ་དཔེ་མི་འདྲ་བ600ལྷག་བསྡུ་རུབ་བྱས་ཏེ། དུས་ལྟར་ཞིབ་བཤེར་ཚད་ལེན་སྙན་ཞུ་དང་ཆུའི་ཐོན་ཚད་ཀྱི་ཞིབ་བཤེར་ཚད་གཞིའི་ཚད་ལྡན་གྱི་ཚད་གཞི་དེ100%ལ་སླེབས་ཡོད།

བྱ་བའི་ཁྲོད། ཁྲི་ཀ་རྫོང་གིས་ཧུར་ཐག་སྒོས་མང་ཚོགས་ཀྱིས་ཆུའི་འགོ་ཁུངས་སུ་རྩི་ཤིང་དང་ལྗོན་པ་འདེབས་འཛུགས་བྱེད་པར་སྐུལ་སློང་སྒོས་སྐྱེ་ཁམས་ཁོར་ཡུག་ལ་བཅོས་སྒྱུར་ངང་ཆུ་འགོའི་ས་ཤུན་གྱི་རྩི་ཤིང་མུ་མཐུད་ངང་འཚར་ལོངས་བྱུང་བར་འགན་སྲུང་ཁག་ཐེག་བྱས་ནས། ཆུའི་འགོ་ཁུངས་ཀྱི་འཚོ་བཅུད་བྱེད་ནུས་དང་ཆུ་རྒྱུའི་གཙང་སྒྱུར་བྱེད་ནུས་ལ་ཤུགས་སྣོན་བྱས། ཆུའི་འགོ་ཁུངས་སུ་ལྕགས་དྲ་འཐེན་པ་དང་གསལ་བརྡའི་བྱང་བུ་འཛུགས་པ་སོགས་བྱེད་ཐབས་བརྒྱུད་གཏན་འགོག་ས་ཁུལ་བྱས། སྒོ་ཕྱུགས་དང་མི་ཡིས་ཆུ་འགོ་ལ་སྦགས་བཙོག་བཟོ་རྒྱུ་ཡང་གཏན་འགོག་བྱས། ཁྱོན་ཡོངས་ནས་རོང་འབྲོག་ས་ཁུལ་གྱི་བཟོ་སྐྲུན་བཏུང་ཆུའི་རྒྱུ་སྤུས་ཐད་ལ་ལྟ་ཞིབ་ཚད་ལེན་སྒོས་ཆུའི་སྤུས་ཚད་ཀྱི་འགུལ་རྣམ་ཁོང་དུ་ཆུད་པར་བཟོས། ཞིང་སྡེའི་ཆུའི་མཁོ་སྤྲོད་ཀྱི་འགན་སྲུང་འཆར་འགོད་ཡོངས་འགྲུབ་བྱས་ཏེ་ཞིང་སྡེའི་རོང་འབྲོག་ས་ཁུལ་གྱི་བཏུང་ཆུའི་བདེ་འཇགས་ཀྱི་ཆུ་མཁོ་སྤྲོད་བྱེད་པའི་བཟོ་སྐྲུན124ཁྲི་ཀ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ7གྱི་མི་གྲངས་ཁྲི7.3ལས་བརྒལ་བ་ལ་ཁེབས་ཡོད། འཆར་འགོད་ལྟར་ན་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར2.6ཡིན་ངེས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།