མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་སྦྱོར་གསར་ཤོས།

ཟི་ལིང་སློབ་ཆེན་འཛུགས་སྐྲུན་ཇུས་གཞི་དཔར་འགྲེམ་སྐོར་གྱི་བརྡ་ཐོ།

མཚོ་སྲིད〔2020〕ཨང་རྟགས12པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིང་། ཅུའུ་བཅས་ལ།

《ཟི་ལིང་སློབ་ཆེན་འཛུགས་སྐྲུན་ཇུས་གཞི》ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཐེངས85པ་དང་།ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཐེངས33པའི་ཐོག་གྲོས་ཞིབ་ཆོག་འཐུས་ཐོབ། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱ་རྒྱུ་ཡིན་པས་ནན་གྱིས་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ4པའི་ཚེས26ཉིན།

ཟི་ལིང་སློབ་ཆེན་འཛུགས་སྐྲུན་བྱ་རྒྱུ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕེང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་ཡིན་ལ། དེང་རབས་ཅན་གྱི་སློབ་གསོ་དང་མི་དམངས་ཡིད་ཚིམ་པའི་སློབ་གསོའི་བཀོད་སྒྲིག་གསར་པ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་རང་འགུལ་སྒོས་བརྩི་སྲུང་དང་ཞབས་ཞུ། མངའ་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་པར་རོགས་འདེགས་བྱེད་པ་ཡིན། མཐོ་རིམ་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་མཚོ་སྔོན་གྱི་མཐོ་རིམ་སློབ་གསོའི་ཆུ་ཚད་ཇེ་མཐོར་བཏང་སྟེ། མཐོ་རིམ་སློབ་གསོ་སྤུས་ལེགས་སྒོས་འཕེལ་རྒྱས་ཡོང་བར་ཤུགས་ཆེན་པོས་སྐུལ་འདེད་བྱེད་པའི་ལག་ལེན་གསར་པ་ཞིག་ཡིན། སྤུས་ཚད་མཐོ་བའི་རྩིས་ཚན་རིགས་ཀྱི་འཇོན་མི་གསོ་སྐྱོང་བྱེད་པ་དང་། འཕེལ་རྒྱས་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་ནུབ་རྒྱུད་ས་ཁུལ་དུ་ཆུ་ཚད་མཐོ་བའི་ཉེར་སྤྱོད་ཞིབ་འཇུག་རྣམ་པའི་རྩིས་ཚན་རིགས་ཀྱི་སློབ་ཆེན་ཞིག་གསར་སྐྲུན་བྱེད་པའི་འཚོལ་ཞིབ་གསར་པ་ཞིག་ཡིན།

《སློབ་གསོ་པུའུ་ཡིས་མཚོ་སྔོན་སློབ་ཆེན་གྱི་ཁུ་ནུ་སློབ་གླིང་རྨང་གཞི་བྱས་ཏེ་རྩིས་ཚན་གྱི་དངོས་གཞི་སློབ་གླིང་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས་པའི་ཡི་གེ》(སློབ་སྤེལ་ཡི་གེ〔2019〕ཨང་རྟགས46པ)བླང་བྱ་གཞིར་བཟུང་སྟེ། 《མཚོ་སྔོན་སློབ་ཆེན་ཁུ་ནུ་སློབ་གླིང་བསྒྱུར་འཛུགས་ཇུས་གཞི》ཞིབ་འཇུག་སྒྲིག་བཟོ་བྱས་ཤིང་། བསྒྱུར་འཛུགས་དུས་ཚོད་ཀྱི་རེའུ་མིག་དང་ལམ་ཐིག་དཔེ་རིས་གཏན་འཁེལ་བྱས་ཏེ་འབྲེལ་ཡོད་བྱ་བ་གོ་རིམ་ལྟར་སྐུལ་འདེད་བྱས། ཟི་ལིང་སློབ་ཆེན་གྱི་འཛུགས་སྐྲུན་བྱ་བ་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞི་དང་མཐུན་ཞིང་། སློབ་གསོ་པུའུ་ཡིས་ཞིབ་བཤེར་བྱས་པ་བརྒྱུད། མཚོ་སྔོན་སློབ་ཆེན་ཁུ་ནུ་སློབ་གླིང་གིས་སློབ་མ་བསྡུ་མཚམས་བཞག་ནས། སློབ་བསྡུའི་འཆར་འགོད་ཟི་ལིང་སློབ་ཆེན་འཛུགས་སྐྲུན་ལེགས་འགྲུབ་བྱས་རྗེས་ལག་བསྟར་བྱ་རྒྱུ། མཚོ་སྔོན་སློབ་ཆེན་གྱིས་ཁུ་ནུ་སློབ་གླིང་གི་སློབ་གྲྭར་བསྡད་ཡོད་པའི་སློབ་མའི་སློབ་ཁྲིད་དང་དོ་དམ་བྱ་བ་མཐར་ཕྱིན་རག་བར་དུ་འགན་འཁུར་དགོས་ལ། འབྲེལ་ཡོད་གཏན་འབེབས་ལྟར་མཚོ་སྔོན་སློབ་ཆེན་ཁུ་ནུ་སློབ་གླིང་གི་ནོར་དོན་ཞིབ་རྩིས་དང་རྒྱུ་ནོར་གཙང་འཇལ་ལ་སྐུལ་འདེད་བྱས་ཏེ། ཤེས་བྱའི་ཐོན་དབང་དང་། དོ་དམ་ཐོན་ཁུངས། སློབ་གསོ་སློབ་ཁྲིད་ཐོན་ཁུངས་བཅས་ཀྱི་གཏོགས་ཁོངས་ཁ་གསལ་བཟོས་ནས་ཁུ་ནུ་སློབ་གླིང་གི་གནས་སྐབས་གདན་ཞུ་མི་སྣ་བཀོད་སྒྲིག་འོས་འཚམ་བྱེད་དགོས།

གཅིག སློབ་སྒྲུབ་ཁ་ཕྱོགས།

སློབ་སྒྲུབ་ཀྱི་རིགས། ཉེར་སྤྱོད་ཞིབ་འཇུག་རྣམ་པའི་རྩིས་ཚན་རིགས་ཀྱི་སློབ་ཆེན།

ཆེད་ལས་ཀྱི་ཁ་ཕྱོགས། བཟོ་ལས་གཙོར་བཟུང་སྟེ་རྩིས་ཚན་དང་བཟོ་ལས། དཔལ་འབྱོར།དོ་དམ་སོགས་ཀྱི་བསླབ་ཚན།

སློབ་སྒྲུབ་རིམ་པ། དངོས་གཞི་གཙོར་བཟུང་སྟེ་ཞིབ་འཇུག་སློབ་མ་དང་ཕྱི་སྦྱོང་སློབ་མའི་སློབ་གསོ་འཕེལ་རྒྱས་གཏོང་བ།

ཞབས་ཞུའི་ཁ་ཕྱོགས། ནུབ་བརྒྱུད་ས་ཁུལ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་པ།

གཉིས། སློབ་སྒྲུབ་གཞི་རྒྱ།

2024ལོར། སློབ་མ་ཐོག་མ་བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་དངོས་གཞི་སློབ་མ1500དང་ཞིབ་འཇུག་སློབ་མ500། དགེ་རྒན་དང་ལས་བཟོ་པ300བསྡུ་རྒྱུ་རེད།

2030ལོར། དངོས་གཞི་སློབ་མ8000དང་ཞིབ་འཇུག་སློབ་མ2000། དགེ་རྒན་དང་ལས་བཟོ་པ1000བསྡུ་རྒྱུ་རེད།

སླད་ཕྱིན། དངོས་གཞི་སློབ་མ12000དང་ཞིབ་འཇུག་སློབ་མ5000། དགེ་རྒན་དང་ལས་བཟོ་པ1600བསྡུ་རྒྱུ་རེད།

གསུམ། བཅོས་སྐྱོང་སྒྲིག་གཞི།

འཛུགས་གཉེར་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་གཞུང་སྒྲུབ་མཐོ་རིམ་སློབ་གླིང་ཞིག་ཡིན།

འགོ་ཁྲིད་ཀྱི་སྒྲིག་གཞི། སློབ་གྲྭས་ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭའི་གཞི་རིམ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་གི་སློབ་གཙོའི་འགན་འཁུར་ལམ་ལུགས་ལག་བསྟར་བྱ་རྒྱུ།

ལས་འཛིན་ལྷན་ཚོགས། སློབ་ཆེན་གྱི་ལས་འཛིན་ལྷན་ཚོགས་བཙུགས་ནས། སློབ་གྲྭའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་དོན་གལ་ཆེན་ལ་བློ་འདྲི་དང་ལྟ་སྐུལ། དཔྱད་མོལ་བཅས་བྱ་རྒྱུ།

ཐེབས་རྩ་ཚོགས་པ། སློབ་ཆེན་ཐེབས་རྩ་ལྷན་ཚོགས་བཙུགས་ནས། སྤྱི་ཚོགས་སྟེང་གི་ཞལ་འདེབས་མ་དངུལ་དང་གྲབས་གསོག་མ་དངུལ་བསྡུས་ཏེ། སློབ་ཆེན་གྱིས་འཇོན་མི་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་དང་ཚན་རིག་ཞིབ་འཇུག་གི་བྱེད་སྒོ་སྤེལ་དགོས།

བཞི།འཛུགས་སྐྲུན་ས་གནས།

ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཧའེ་ཧུའུ་ལམ་ཆེན་གྱི་བྱང་བརྒྱུད་སྐྱེ་དངོས་གླིང་ཁུལ་གྱི་དུས་རིམ་གསུམ་པའི་ལས་གཞི་ས་གནས། མཚོ་སྔོན་དགེ་ཐོན་སློབ་ཆེན་མཁར་བྱང་ཁུལ་དང་ཁད་ཉེ་སར་ཡོད།

ལྔ། འཛུགས་སྐྲུན་གཞི་རྒྱ།

སློབ་གླིང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ1094319.98㎡(ས་མུའུ1641.48)ཡོད།

དྲུག འཛུགས་སྐྲུན་དུས་ཡུན།

ཉེ་དུས་ཀྱི་འཛུགས་སྐྲུན་འཆར་འགོད2020ལོའི་ཟླ6པ་ནས2023ལོའི་ཟླ12པར། སློབ་གྲྭའི་འཕེལ་རྒྱས་དགོས་མཁོར་དམིགས་ཏེ། སྐབས་བསྟུན་འཆར་འགོད་དང་དུས་ཐེངས་རྗེས་མའི་བཟོ་སྐྲུན་ལས་གཞི་མགོ་རྩོམ་རྒྱུ།

བདུན། འཛུགས་སྐྲུན་མ་དངུལ།

ཉེ་དུས་ཀྱི་འཛུགས་སྐྲུན་ལས་གཞིའི་དངུལ་གཏོང་ཚོད་རྩིས་སྒོར་དུང་ཕྱུར23ཡིན་ཞིང་། འཛུགས་སྐྲུན་ཐད་སྤྱད་པའི་མ་དངུལ་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་གཞི་རྩའི་འཛུགས་སྐྲུན་མ་དངུལ་དང་ཐབས་ལམ་གཞན་དག་བརྩོན་ལེན་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།