ཉེ་ཆར་འབྲི་སྟོད་རྫོང་བྲག་དཀར་ཡུལ་ཚོ་རུ་འབྲོག་མོ་ཞིག་དྲེད་མོང་གིས་བསད་པའི་གནས་ཚུལ་འབྱོར་འདུག

རང་རེའི་དྲ་བའི་འཕྲིན། 2020ལོའི་ཟླ5པའི་ཚེས12ཉིན་གྱི་ཞོགས་པའི་ཆུ་ཚོད7ཙམ་ལ་བྲག་དཀར་ཡུལ་ཚོ་ཁུ་ཁྱིམ་སྡེ་བའི་རུ་ཁག་དང་པོའི་ཨ་ཆེ་གེ་མོའི་ཁ་པར་འབྱོར་ཅིང་། ཁོས་ཉིན་དེའི་ནམ་ལངས་ཙམ་ལ་དྲེད་མོང་ཞིག་སྦྲ་ནང་དུ་འཛུལ་ཡོང་ནས་ཁོའི་ཆུང་མར་རྨུགས་ཏེ་བསད་སོང་བའི་གཏན་ངན་ཞུས། དེ་འཕྲལ། མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་ཡུལ་དེར་མངགས་པ་དང་། འབྲི་སྟོད་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་མཉམ་འབྲེལ་ལས་དོན་ཚན་ཆུང་བཙུགས་ནས་ཡུལ་དངོས་ཀྱི་བྱ་བ་ཐག་གཅོད་བྱས་པ་རེད།

རྩད་ཞིབ་བྱས་པ་ལྟར་ན། བསམ་ཡུལ་ལས་འདས་པའི་དོན་རྐྱེན་དེ་བྲག་དཀར་ཡུལ་ཚོ་ཁུ་ཁྱིམ་སྡེ་བའི་རུ་ཁག་དང་པོའི་ཨ་ཆེ་གེ་མོ་ཚང་ནས་བྱུང་ཞིང་། མི་དམངས་ཉེན་རྟོག་པས་རྗེས་འདེད་བྱས་མཐར་དྲེད་མོང་དེ་ཁད་ཉེ་སའི་འབྲོག་ཁྱིམ་ཞིག་གི་རུ་འདབས་སུ་འགྲོ་བཞིན་ཡོད་པ་མཐོང་། ཡང་བསྐྱར་དེ་ལྟའི་དོན་རྐྱེན་མི་འབྱུང་ཕྱིར། མི་དམངས་ཉེན་རྟོག་པས་ཐོག་མར་མེ་མདའ་བརྒྱབ་སྟེ་དྲེད་མོང་དེ་དཀྲོག་རྩིས་བྱས་རུང་། དྲེད་མོང་དེ་ཡང་བསྐྱར་ཚུར་རྒྱུག་རྩིས་བྱས། མཐར་བདེ་འཇགས་ཀྱི་ཕྱིར་མེ་མདས་བརྒྱབ་སྟེ་དྲེད་མོང་དེ་བསད་པ་རེད། མ་ཟད། ཆེད་ལས་ངོས་ནས་དྲེད་མོང་གི་རོ་གཤག་ནས་ལྟ་དུས། ཕོ་བའི་ནང་དུ་ད་རུང་བཞུ་མེད་པའི་མི་ཤ་ཡོད་པ་མཐོང་།

ད་སྔ། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་འདས་པོའི་ནང་མིར་སེམས་གསོ་བྱེད་པའི་ཞོར་ལ། འཕྲལ་སྡོམ་དོ་དམ་དང་ནགས་ཚལ་སྤྱི་བདེ། འགན་ལེན་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་སླད་ཕྱིན་གྱི་ལས་དོན་དུས་ཐོག་ཏུ་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད། གོམ་སྟབས་རྗེས་མར་འབྲི་སྟོད་རྫོང་སྤྱི་བདེ་ཅུས་ཀྱིས་ནགས་ཚལ་སྤྱི་བདེ་སོགས་ཁྲིམས་འཛིན་སྟོབས་ཤུགས་དང་མཉམ་དུ། གཙོ་གནད་ས་ཁུལ་དུ་གཅན་གཟན་གྱི་གནོད་འཚེ་སྔོན་འགོག་ལས་དོན་སྤེལ་བ་དང་ཆབས་ཅིག ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་གཅན་གཟན་གྱི་གནོད་འཚེ་སྔོན་འགོག་གི་འབྲེལ་ཡོད་རྒྱུན་ཤེས་དྲིལ་སྒྲོག་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།