ཞིང་ཆེན་ཧྲིལ་བོའི་གཞིས་ཁུལ10ཕྱོགས་བསྡུས་གནོད་སེལ་དཔེ་སྟོན་གཞིས་ཁུལ་དུ་གྱུར་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ་རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཚོགས་དང་སྐབས་བསྟུན་བདག་དོམ་པུའུ། ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུའུ། ཀྲུང་གོའི་ས་འགུལ་ཅུའུ་བཅས་ཀྱིས་རྒྱལ་ཡོངས་ཀྱི་གཞིས་ཁུལ976དེ2019ལོའི་རྒྱལ་ཡོངས་ཕྱོགས་བསྡུས་གནོད་སེལ་དཔེ་སྟོན་གཞིས་ཁུལ་ལ་ངོས་འཛིན་དང་མིང་བཏགས་གནང་བས། རང་ཞིང་གི་གཞིས་ཁུལ10མིང་ཐོ་དེའི་ཁྲོད་ཚུད་ཡོད།

ཐེངས་འདིར་བདམས་ཐོན་བྱུང་བའི་གཞིས་ཁུལ་ཁྲོད། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་ཁུལ་ཟམ་སྣེ་གྲོང་རྡལ་གྱི་གཏེར་རིའི་གཞིས་ཁུལ། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲུའུ་པེ་བོད་རིགས་ཡུལ་ཚོའི་ཞན་ཏུང་གཞིས་ཁུལ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་གི་མཁར་ལྷོའི་གཞིས་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་རོང་བོ་སྲང་ལམ་གྱི་གཞིས་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མཁར་ཤར་གཞིས་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གངས་རིའི་བྱང་ལམ་གཞིས་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྒྱལ་རྗེ་གྲོང་རྡལ་ཀུན་བྱམས་གཞིས་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ཚྭ་མཚོའི་གཞིས་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཆུ་ནུབ་སྲང་ལམ་ཁྲའོ་དབྱང་གཞིས་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཞི་ལེ་ཀུའུ་གྲོང་རྡལ་མཁར་ཤར་གཞིས་ཁུལ་བཅས་འདུས་ཡོད།

ལོ་འདི་དག་གི་རིང་ལ་ཞིང་ཆེན་གནམ་གཤིས་ཅུའུ་ཡིས་ཞིང་སྡེ་དར་རྒྱས་སུ་གཏང་རྒྱུ་གཞིར་བཟུང་སྟེ། རི་ཁུལ་ཆུ་ལོག་ས་རྒྱུའི་གནོད་འཚེའི་ཐད་ཞིང་ཆེན་ནོར་སྲིད་ཞིང་ལས་ཡན་ལག་སོགས་ཀྱིས་རྣམ་གྲངས་གཙོ་གནད་འཛུགས་སྐྲུན་བྱས། ཞིང་ཆེན་ཡོངས་ཀྱི་རྫོང38གྱི་གཞི་རིམ་ལ་གནམ་གཤིས་གནོད་སེལ་ཉུང་འཕྲིའི་ནུས་པ་མཐོར་འདེགས་སུ་གཏོང་བའི་དམིགས་དབེན་ལྟར་གཞི་རིམ་གནམ་གཤིས་ཀྱི་གནོད་སེལ་ཉུང་འཕྲིའི་གཞི་རྩའི་ནུས་པ་གསར་འཛུགས་བྱས། གཞི་རིམ་གནམ་གཤིས་གནོད་སེལ་ཉུང་འཕྲིའི་གཞི་གྲངས་བསྡུ་རུབ་དང་ཉེན་བརྡའི་གནས་ཚུལ་ཁྱབ་སྤེལ་བརྒྱུད་སྒྲོག་ནུས་པ། གནམ་གཤིས་བརྡ་འཕྲིན་མཁན་གྱི་རུ་དཔུང་གསར་འཛུགས། གནམ་གཤིས་གནོད་སེལ་ཉུང་འཕྲིའི་ལས་དོན་གྱི་བརྒྱུད་རིམ་བསྐྱར་བཟོ་སོགས་ཀྱི་ཐད་ལ་མངོན་གསལ་གྱི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། གནམ་གཤིས་གནོད་སེལ་སྔོན་འགོག་ཡོངས་ཁྱབ་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་ནས། གཞི་རིམ་གནམ་གཤིས་གནོད་སེལ་ཉུང་འཕྲི་བྱེད་པའི་བྱ་བའི་དེང་རབས་ཅན་གྱི་ཆུ་ཚད་ཐད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།