མཚོ་སྔོན་ཞིང་ཆེན་གྱིས“5·12”རྒྱལ་ཡོངས་གནོད་འགོག་གནོད་སེལ་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།

ཟླ5ཚེས12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོ་ཨང12པ་ཡིན་པས་དྲིལ་སྒྲོག་གཟའ་འཁོར་ཡང་ཟླ5ཚེས9ཉིན་ནས་ཚེས15ཉིན་བར་སྤེལ་ཡོད། ད་ལོའི་བརྗོད་བྱང་ལ“གཞི་རིམ་གྱི་འཕྲལ་བསྟུན་ནུས་པ་མཐོར་འདེགས་སུ་བཏང་ནས་མི་དམངས་ཀྱི་གནོད་འགོག་གནོད་སེལ་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ”ཞེས་པ་ཡིན་ཞིང་། ཉིན་དེར་མཚོ་སྔོན་ཞིང་ཆེན་གནོད་སེལ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གཉིས་ཀྱིས་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་སྒྲིག་འཛུགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་ཐུན་མོང་གི་ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཐོག་དམིགས་བསལ་ཉེན་ཟོན་རླངས་འཁོར་དང་རོགས་སྐྱོབ་གཏོར་བཤིག་ཡོ་བྱད། འབྲུབ་འགོག་ཡོ་བྱད་ལ་སོགས་པའི་ཆེད་ལས་ཅན་གྱི་འཕྲལ་བསྟུན་རོགས་སྐྱོབ་སྒྲིག་ཆས་འགྲེམ་སྟོན་དང་། གནོད་འགོག་གནོད་སེལ་ཤེས་བྱ་དྲིལ་སྒྲོག ཁྱིམ་ཚང་གི་འཕྲལ་བསྟུན་མྱུར་སྐྱོབ་མཁོ་ཆས་གཤམ་སྤྲོད། གནོད་འགོག་གནོད་སེལ་གྱི་ཤེས་བྱའི་སྐོར་ནས་དྲི་བ་དྲི་ལན་འདེབས་པ་ལ་སོགས་རྣམ་པ་སྤྱད་དེ་མང་ཚོགས་ལ་གནོད་འགོག་གནོད་སེལ་སྐོར་གྱི་ཤེས་བྱ་དང་། རང་སྐྱོབ་རོགས་སྐྱོབ་བྱེད་སྟངས་སྐོར་ཁྱབ་གདལ་བཏང་ནས་གནོད་འགོག་འཕྲལ་བསྟུན་གྱི་འདུ་ཤེས་བཟང་པོའི་ས་བོན་སྤྱི་ཚོགས་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་སེམས་སུ་གཏོར།

ད་ལོའི་བྱེད་སྒོའི་བརྗོད་བྱང་སྙིང་བོར་བཟུང་སྟེ། ཚན་རིག་ཤེས་བྱ་ཁྱབ་གདལ་བྱེད་སྒོ་དེ་རྟ་ཐང་རྫོང་གི་ཟམ་མགོ་གྲོང་བརྡལ་བརྒྱད་གཅིག་སྡོད་ཁུལ་དུ་སྤེལ་ཞིང་། སྒྲིག་འཛུགས་ཐོག“རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་གནོད་སེལ་དཔེ་སྟོན་སྡོད་ཁུལ”གསར་འཛུགས་གནས་ཚུལ་ལ་ལྟ་ཞིབ་དང་། ཡུལ་དངོས་སུ་གཞི་རིམ་སྡོད་ཁུལ་གྱི་གནོད་འགོག་གནོད་སེལ་བྱ་བའི་རྨང་གཞི་དང་གནས་བབ་ལ་རྒྱུས་ལོན་བྱས།

ཟམ་མགོ་བརྒྱད་གཅིག་སྡོད་ཁུལ་གྱི་ཀྲུའུ་རེན་ཀྲོའུ་མེན་གྱིས་འདི་སྐད། སྡོད་ཁུལ་གྱིས་མང་ཚོགས་ཀྱིས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་རང་རྟོགས་ཀྱིས་བརྩི་སྲུང་བྱེད་པར་ཁྲིད་སྟོན་དང་། ཁོ་ཚོས་གནོད་ཉེན་ལ་ཇི་ལྟར་ཤེས་རྟོགས་དགོས་པ་དང་། གལ་ཏེ་གནོད་པར་འཕྲལ་ཚེ་སྲོག་ཐར་རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་ཇི་ལྟར་བྱེད་དགོས་ཕྱོགས་ནས་ཁྲིད་སྟོན་བྱས་ཡོད། ལྷག་པར་དུ《གྲོང་ཁྱེར་སྡོད་དམངས་ཀྱི་བདེ་འཇགས་རྒྱུན་ཤེས》《བདེ་འཇགས་ཤེས་བྱ།》《སྡོད་ཁུལ་སྡོད་དམངས་ཀྱི་ཉེན་ཟོན་བདེ་འཇགས་ལག་དེབ》སོགས་རྒྱུ་ཆ་དག་སྲང་ལམ་གྱི་ཚོང་ཁང་ཆེ་ཆུང་གང་རུང་དང་མང་ཚོགས་ཀྱི་ཁྱིམ་དུ་སྔ་ཕྱིར2000བཀྲམས་ནས་མང་ཚོགས་ཀྱི་གནོད་འགོག་ཉེན་ཟོན་གྱི་འདུ་ཤེས་དང་སྐབས་བབ་ཀྱི་མི་ཚོགས་འཕྲལ་མར་ཅི་ལྟར་ཁ་གྲམ་དགོས་པ་དང་། རང་སྐྱོབ་རོགས་སྐྱོབ་ཅི་ལྟར་དགོས་པ་སོགས་རྨང་གཞིའི་ལག་ཐབས་ལ་ཤེས་རྟོགས་དང་ལག་ལེན་བྱང་ཆ་ལྡན་པར་བྱས། དེ་དང་ཆབས་ཅིག་ཏུ་ན་སོ་དར་ལ་མ་བབས་པའི་གཞོན་ནུ་ལོ་ཆུང་ཕྱོགས་ལ་ཞབས་ཞུ་བྱ་བའི་དྲིལ་སྒྲོག་རྣམ་པ་གསར་དུ་གཏོད་ནས་གནོད་འགོག་གནོད་སེལ་གྱི་བྱ་བ་འདི་ལོ་ན་ཆུང་དུས་ནས་བཟུང་བག་ཆགས་འཇོག་དགོས་པ་དམ་འཛིན་བྱས་ཏེ། དབྱར་གནང་གི་གུང་གསེང་བེད་སྤྱད་དེ་གཞོན་ནུ་ལོ་ཆུང་གི་འགྲིམ་འགྲུལ་བདེ་འཇགས་དང་།ཁྲིམས་ལུགས། ཉེན་ཟོན་ལ་སོགས་ཀྱི་ཤེས་བྱའི་འཆད་ཁྲིད་བཀོད་སྒྲིག་བྱས་པ་དང་། སྡོད་ཁུལ་གྱི་ཚོན་བདུན་སློབ་ཁང་དང་ཆུ་ཚོད་བཞི་དང་ཕྱེད་ཀའི་སློབ་ཐུན་སོགས་བྱེད་སྒོ་རྟེན་གཞི་གཞིར་བཅོལ་རྣམ་པ་སྣ་མང་གི་སྒོ་ནས་གནོད་སེལ་སློབ་གསོ་སྤེལ་བ་ཡིན་ཟེར།

ཐེངས་འདིའི་ཐུན་མོང་དྲིལ་སྒྲོག་བྱེད་སྒོའི་ཐོག་འགྲེམ་བྱང240ལྷག་དང་། ཉེན་ཟོན་སྒྲིག་ཆས་ཆ་ཚང340ལྷག འཕྲེད་བྱང80ལྷག་བཤམས་པ་མ་ཟད། གནོད་འགོག་ཉེན་ཟོན་གྱི་དྲིལ་སྒྲོག་རྒྱུ་ཆ་ཁྲི2བཀྲམས་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།