སྒོར་ཁྲི7600ལྷག་གིས་ཁེ་ལས་ཀྱི་ལས་གཞི653ལ་རོགས་སྐྱོར་བྱས་པ།

རང་རེའི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་བཟོ་ལས་དང་བརྡ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཉིན་འདི་དག་གི་རིང་ལ་ད་ལོའི་རིམ་པ་དང་པོའི་སྒོར་ཁྲི7600ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ཆེད་དོན་མ་དངུལ་དུ་བྱས་ཏེ་ཁེ་ལས653ལ་རྒྱབ་སྐྱོར་སྒོས་ལས་གཞིའི་ལས་འགོ་བསྐྱར་འཛུགས་ངང་འཁོར་སྐྱོད་བརྟན་སྲུང་ལ་འགན་སྲུང་བྱས་པ་རེད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་བཟོ་ལས་བརྡ་འཕྲིན་ཐིན་གྱིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཁེ་ལས་ཆུང་འབྲིང་གི་ལས་འགོ་བསྐྱར་ཚུགས་དང་ཐོན་ལས་སླར་གསོའི་ཐད་ལ་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཆུང་འབྲིང་གི་ཁེ་ལས་དངུལ་བུན་ནར་འགྱངས་དང་མ་རྩ་མཐོ་བ། དུས་ཡུན་རིང་བ་སོགས་ཀྱི་དཀའ་ཁག་སེལ་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་ལ་དངུལ་བུན་མུ་མཐུད་དུ་བསྐྱི་བའི་དུས་བསྟུན་མ་དངུལ་ཐད་ཀྱི་སྐབས་བསྟུན་བདག་དོམ་བྱེད་ཐབས་པར་སྐྲུན་བྱས། དེ་མིན། ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང12གྱིས་ཁེ་ལས་མི་འདྲ་བ35ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར12.6བསྐྱིས་པའི་རྨང་གཞིའི་སྟེང་། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་ཁང་དང་ནུབ་རྒྱུད་གཏེར་ལས་སོགས་ཁེ་ལས6གིས་སྒོར་དུང་ཕྱུར50ཡི་ཡིད་རྟོན་དངུལ་བུན་ཐད་ཀྱི་མཉམ་ལས་གྲོས་མཐུན་གན་རྒྱ་བཞག་སྟེ་སྐུལ་འདེད་བཏང་ཡོད།

དབུལ་སྐྱོར་སྲིད་ཇུས་དངོས་འབེབས་ལག་བསྟར་བྱེད་པ་གཞིར་བཟུང་སྟེ། ཞིང་ཆེན་སྲིད་གཞུང་གིས《ཏོག་གསར་གློ་ཚད་ཀྱི་རིམས་ནད་སྐབས་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེའི་ལས་འགོ་བསྐྱར་ཚུགས་ཀྱི་སྲིད་ཇུས་ལ་སྐུལ་འདེད་བྱེད་པ།》 《གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁེ་ལས་ལས་འགོ་བསྐྱར་ཚུགས་ཀྱི་བྱ་བའི་ཇུས་གཞི》སོགས་པར་སྐྲུན་འགྲེམས་སྤེལ་བྱས་ཏེ། ཁྱོན་ཡོངས་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་ལས་བསྐྱར་གསོ་བྱ་བར་རྒྱབ་སྐྱོར་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།