ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“གཏན་འབེབས་གསུམ”ལ་འགལ་བའི་ཞིབ་དཔྱོད་པའི་གྱོད་དཔེ་དྲུག་ཁྱབ་སྒྲོག་བྱས་པ།

ཀྲུང་གོའི་གསར་འགྱུར་དྲ་བས་ཟླ5ཚེས6ཉིན་སྤེལ་བའི་འཕྲིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ལས་དོན་ལྟ་ཞིབ་ཅུས་ཀྱི་འགན་འཁུར་བས་ཞིབ་དཔྱོད་པ“གཏན་འབེབས་གསུམ”དང་འགལ་བའི་དཔེ་མཚོན་གྱོད་དོན་དྲུག་ཁྱབ་སྒྲོག་བྱས།

ཉིན་དེར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས‘གཏན་འབེབས་གསུམ’དོན་འཁྱོལ་དམ་འཛིན་དང་སྤྱོད་གཙང་ཁྲིམས་འཛིན་གྱི‘སྲུང་རགས’སྲ་བརྟན་གཏོང་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཤིང་།ཚོགས་ཐོག་ཏུ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཝང་སུང་མུའོ་ཡིས་འདི་སྐད། 2015ལོར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་འགྲེམས་བྱས་པའི《འགོ་ཁྲིད་ལས་བྱེད་ཀྱིས་ཁྲིམས་འཛིན་ལས་སྒོར་ཐེ་གཏོགས་དང་། གྱོད་དོན་ཞིབ་གཅོད་ཁྲོད་ལག་བསྲིངས་པའི་གནས་ཚུལ་ཟིན་འགོད་དང་ཐེར་འདོན། འགན་འདེད་སྐོར་གྱི་གཏན་འབེབས》དང་། ཀྲུང་དབྱང་སྲིད་ཁྲིམས་ཨུའི་པར་འགྲིམས་ལག་བསྟར་བྱས་པའི《ཁྲིམས་འཛིན་ལས་ཁུངས་ནང་ཁུལ་གྱི་མི་སྣའི་གྱོད་དོན་འདྲི་རྟོག་ཟིན་བཀོད་དང་འགན་འདེད་སྐོར་གྱི་གཏན་འབེབས》“ཆེས་མཐོ་གཉིས་དང་པུའུ་གསུམ”མཉམ་འབྲེལ་ཐོག་པར་འགྲིམས་ལག་བསྟར་བྱས་པའི《ཁྲིམས་འཛིན་པ་དང་དོ་བདགཔ།  ཁྲིམས་རྩོད་པ། དམིགས་བསལ་འབྲེལ་བ་ཡོད་པ།བར་འདུག་བརྒྱུད་འབྲེལ་འདྲིས་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་འབེབས》བཅས་ཚད་ལྡན་གྱི་ཡིག་ཆ་གསུམ་ནི། ད་ལྟ་ཡོངས་ཁྱབ་ཏུ་སྤེལ་་ཡོད་པའི“གཏན་འབེབས་གསུམ”ཡིན་ལ། སྤྱི་ཚོགས་ལས་རིགས་ཁག་གིས་ཁྲིམས་འཛིན་པར་ལྟ་རྟོག་གཅུན་སྡོམ་བྱེད་སྤྱད“ལག་ཐབས”ལྟ་བུ་ཡང་ཡིན་ཞེས་ངོ་སྤྲོད་གནང་བྱུང་།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ལས་དོན་ལྟ་ཞིབ་ཅུས་ཀྱི་འགན་ཁུར་བས་དཔེ་མཚོན་གྱོད་དོན་དྲུག་པོར་དམིགས་ནས་འདི་སྐད། གྱོད་དཔེ་དྲུག་པོའི་ཁྲོད་དུ་འགོ་ཁྲིད་ལས་བྱེད་ཀྱིས་ཞིབ་དཔྱོད་ལས་ཁུངས་ཀྱི་གྱོད་དོན་ལ་ཐེ་གཏོགས་བྱས་པ་དང་། ཞིབ་དཔྱོད་པ་ནས་ཁྲིམས་འཛིན་གྱོད་ཞིབ་འདྲི་གཅོད་ལ་ཐེ་ཇུས་བྱས་པ། ཁྲིམས་རྩོད་པའི་བར་ལྐོག་འབྲེལ་བཟུང་བའི་གྱོད་དོན་སོགས་འདུ་བ་མ་ཟད། “གཏན་འབེབས་གསུམ”དང་ཏང་གི་སྒྲིག་སྲོལ་དང་འགལ་པའི་སྲིད་འཛིན་དང་སྒྲིག་ཁྲིམས་ཟུང་ནས་ཆད་པ་བཅད་པ་དང་། ཐ་ན་ཉེས་འགན་བདའ་འདེད་ཀྱི་ཁྲིམས་ཆད་ཕོག་པའི་ལྡོག་ཕྱོགས་ཀྱི་གྱོད་དཔེ་དང་། འབྲེལ་ཡོད་བླང་བྱ་ལྟར་ཟིན་འགོད་སྙན་ཞུ་ལྟར་འགན་འཁྲི་བདའ་འདེད་བྱ་མི་དགོས་པའི་དྲང་ཕྱོགས་ཀྱི་གྱོད་དཔེ་སོགས་ཡང་འདུ་ཞེས་བཤད་བྱུང་ལ། བྱེ་བྲག་གཤམ་གསལ།

གྱོད་དཔེ་དང་པོ། ཀྲའོ་ཆེ་གེ་མོ“གཏན་འབེབས་གསུམ”འགལ་གྱི་གྱོད་དཔེ།
དེ་ནི་འགོ་ཁྲིད་ལས་བྱེད་པས་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་རྩད་ཞིབ་བྱེད་པའི་གོ་རིམ་ལ་ཐེ་གཏོགས་བྱས་པའི་གྱོད་དཔེ་ཞིག་ཡིན། ཀྲའོ་ཆེ་གེ་མོ་ནི་རྫོང་རིམ་པའི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཡིན་ཞིང་། ཁོས་ཞིབ་དཔྱོད་ཁང་གིས་སྒྲུབ་བཞིན་པའི་ཉེས་དོན་གྱོད་གཞི་ཞིག་ལ་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་ཚུའེ་ཆེ་གེ་མོས་ལག་བསྲིངས་སྐབས་དེ་ལ་བཀག་འགོག་མི་བྱེད་ཕར་ཞོག གཏན་འབེབས་གྱི་ཟིན་བཀོད་སྙན་ཞུ་ལྟར་མུ་མཐུད་ནས་ཚའེ་ཆེ་གེ་མོས་ཐེ་གཏོགས་འོག་གྱོད་དོན་བསྒྲུབས་སུ་བཅུག་པ་མ་ཟད། ཞུ་སྦྱོར་ཕྱི་མར་ཉེས་ཆེ་ཆད་ཡང་གི་ཁྲིམས་ཆད་བཅད། གྱོད་དོན་དེར་ཚུའེ་ཆེ་གེ་མོས་ཐེ་གཏོགས་བྱས་རྐྱེན། གྱོད་དོན་འགན་སྒྲུབ་ཀྱི་གྱོད་སྒྲུབ་ཚོགས་པའི་ཀྲུའུ་རེན་ནམ་ཞིབ་དཔྱོད་དཔོན་ལིའུ་ཆེ་གེ་མོ་དང་། འགན་སྒྲུབ་ཞིབ་དཔྱོད་དཔོན་ཝན་ཆེ་གེ་མོ་གཉིས་ནས་ཀྱང་ཞིབ་དཔྱོད་རྣམ་དག་ཅིག་སྒྲུབ་མ་ཐུབ་ལ།ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྱང་འཕྲལ་མར་ལྟ་རྟོག་བྱེད་མ་ཐུབ་པར་ལུས། 

གྱོད་དཔེ་འདིས“གཏན་འབེབས་གསུམ”ནི་འགོ་ཁྲིད་ལས་བྱེད་ཀྱིས་ཁྲིམས་འཛིན་གྱོད་སྒྲུབ་ལ་ཐེ་གཏོགས་དང་གྱོད་ཞིབ་ཁྲོད་ལག་བསྲིངས་བའི་སྦྱོར་ངན་བཀག་འགོག་དང་། ཞིབ་དཔྱོད་པ་ཁྲིམས་འགལ་སྒྲིག་འགལ་གྱི་ལོག་ལམ་དུ་འགྲོ་བར་བཀག་འགོག་བྱེད་སྤྱད་ཅིག་ཡིན་པ་མ་ཟད། དྲང་བཞག་སྤྱོད་གཙང་གི་ཁྲིམས་འཛིན་ལ་སྐུལ་འདེད་དང་ཀུན་གྱིས་ཁྲིམས་འཛིན་ལ་བཀུར་ཞིང་ཡིད་རྟོན་བྱེད་པའི་བཅོས་ཐབས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་མཚོན།

གྱོད་དཔེ་གཉིས་པ། ཁྲེན་ཆེ་གེ་མོ“གཏན་འབེབས་གསུམ”དང་འགལ་བའི་གྱོད་དཔེ།

དེ་ནི་ཞིབ་དཔྱོད་པས་བླང་བྱ་ལྟར་ཟིན་བཀོད་སྙན་ཞུ་དང་འབྲེལ་བའི་དོན་དག་གལ་ཆེན་ལ་འགན་འཁྲི་འཁུར་མི་དགོས་པའི་དྲང་ཕྱོགས་ཀྱི་གྱོད་དཔེ་ཞིག་ཡིན། ཁྲེན་ཆེ་གེ་མོ་གྲོང་ཁྱེར་ག་གེ་མོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཡིན། ཁོས་གྱོད་གཞིའི་དོ་བདག་པའམ་ཤ་ཉེ་གྲོགས་པས་མངག་བཅོལ་ཞུས་འོག ཐེངས་དུ་མར་ཁྲིམས་འགལ་གྱི་སྒོ་ནས་རིམ་པ་འོག་མའི་ཞིབ་དཔྱོད་ཁང་གི་གྱོད་སྒྲུབ་ལ་ཐེ་གཏོགས་བྱས། ཁོས་ཝང་ཆེ་གེ་མོ་དང་། ཧའོ་ཆེ་གེ་མོ། ཁྲེན་ཆེ་གེ་མོ། ལིའུ་ཆེ་གེ་མོ་བཅས་ཞིབ་དཔྱོད་དཔོན་བཞི་ཡི་གྱོད་སྒྲུབ་ལ་ལག་བསྲིངས་སྐབས་ཞིབ་དཔྱོད་དཔོན་བཞི་བོས་ཁོའི་བྱ་སྤྱོད་དང་ལེན་མ་བྱས་པ་མ་ཟད། ཐུང་མོང་ཐོག་རེའུ་མིག་སྐོང་སྐབས་སུ་ཁ་གསབ་ཀྱི་ཚུལ་དུ་གནས་ཚུལ་གསལ་བོ་སྙན་སེང་ཕུལ་རྐྱེན། དེའི་ཉེས་འགན་འཁུར་མི་དགོས་པ་མ་ཟད་གོང་རིམ་ཞིབ་དཔྱོད་ཁང་གིས་གཟེངས་བསྟོད་ཐོབ། ཁྲེན་ཆེ་གེ་མོ་དང་ཝང་ཆེ་གེ་མོ་གཙོ་བྱས་ཞིབ་དཔྱོད་དཔོན་བཞི་ནི་ཞིབ་དཔྱོད་པ་ཡིན་པ་འདྲ་ཡང་། སོ་སོའི་གྱོད་སྒྲུབ་ཀྱི་བསམ་བློ་འདུ་ཤེས་ལ་ཁྱད་པར་འདི་འདྲ་བྱུང་དོན་ལ་ཞིབ་དཔྱོད་པ་རེ་རེ་ནས་བསམ་གཞིགས་ཟབ་མོ་བཏང་ནས་ཟུར་ལྟ་བྱ་འོས།

གྱོད་དཔེ་གསུམ་པ། ཅིན་ཆེ་གེ་མོ་སོགས“གཏན་འབེབས་གསུམ”དང་འགལ་བའི་གྱོད་དཔེ།

དེ་ནི་ཞིབ་དཔྱོད་པས་ཁྲིམས་འགལ་ཐོག་ཞིབ་དཔྱོད་གྱོད་སྒྲུབ་ལ་ཐེ་གཏོགས་བྱས་པའི་གྱོད་དཔེ་ཞིག་རེད། ཅིན་ཆེ་གེ་མོས་ཡར་སྔོན་ས་གནས་རིམ་པའི་གྲོང་ཁྱེར་ག་གེ་མོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ལས་དོན་དོ་དམ་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་འཁུར་དུས། གཞན་གྱི་མངག་བཅོལ་དང་ལེན་བྱས་ཏེ་ལས་གནས་ཀྱི་གོ་བབ་ལ་བརྟེན་ནས“ནག་འབྲེལ”པར་གྱོད་སྒྲུབ་གནས་ཚུལ་འདྲི་རྟོགས་བྱེད་རོགས་བྱས་པ་མ་ཟད་ཉེས་དོན་འགན་འཁྲི་ལས་གཡོལ་ཅི་ཐབས་བྱས། ཞིབ་དཔྱོད་ཁང་དེའི་ཞིབ་དཔྱོད་དཔོན་གཞོན་པ་ཁྲེན་ཆེ་གེ་མོས་ཅིན་ཆེ་གེ་མོས་གྱོད་སྒྲུབ་ལ་ཐེ་གཏོགས་བྱེད་བཞིན་པ་ཤེས་བཞིན་དུ་ཟིན་འགོད་སྙན་ཞུ་མ་བརྒྱབ། ཅིན་ཆེ་གེ་མོས“གཏན་འབེབས་གསུམ”ལག་བསྟར་ནན་མོ་མ་བྱས་པ་མ་ཟད། ཁྲིམས་འགལ་ཉེས་བསགས་ཀྱི་ལོག་ལམ་དུ་ཞུགས་ནས་རང་གི་ལས་གྲོགས་ཁྲེན་ཆེ་གེ་མོར་ཡང་ཁྲོམ་བསྒྲགས་སྐྱོན་བརྗོད་ཀྱི་ཆད་པ་ཕོག་ནས་སྡུག་ལ་སྦྱར།

གྱོད་དཔེ་བཞི་པ། ཝང་ཆེ་གེ་མོས“གཏན་འབེབས་གསུམ”དང་འགལ་བའི་གྱོད་དཔེ།
དེ་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་གྱོད་སྒྲུབ་ལ་ཐེ་གཏོགས་ཐེ་ཇུས་བྱས་པའི་གྱོད་དཔེ་ཞིག་རེད། སྔོན་ཆད་ཝང་ཆེ་གེ་མོས་ཐད་གཏོགས་གྲོང་ཁྱེར་ག་གེ་མོའི་མི་དམངས་ཞིབ་དཔྱོད་ཁང་དུ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་དང་ཞིབ་དཔྱོད་དཔོན་གཞོན་པ་སོགས་ཀྱི་འགན་བཞེས་དུས་སུ་ཏང་གི་སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་གི་མིག་དཔེ་བཟང་བོར་འགྱུར་དགོས་མོད་ཀྱང་། མ་བསམ་ས་ནས་ཁོས་ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་དེ་རང་ཉིད་ཀྱི་ཁེ་ཕན་ཁོ་ན་གཉེར་བའི་ལག་ཆར་སྤྱད་དེ། “གཏན་འབེབས་གསུམ”གྱི་བླང་བྱ་སྣང་མེད་དུ་བསྐྱུར་ཞིང་། གཞན་གྱི་མངག་བཅོལ་རེ་ཞུ་དང་ལེན་དང་ལྐོག་རྔན་ཐེངས་མང་བླངས། ལས་གནས་ཀྱི་གོ་བབ་བེད་སྤྱད་དེ་ཉེས་ཅན་གྱི་ཆད་པ་ཇེ་ཡང་ངམ་ཡང་ན་བྲོས་བྱོལ་ལ་རམ་འདེགས་བྱས་པ་སོགས་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་བསྟར་གྱོད་སྒྲུབ་ལ་ཐེ་གཏོགས་ཐེ་ཇུས་བྱས། མཐར་ཀུན་གྱིས་གོང་བཀུར་ཐོབ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཁོ་མི་རྣམས་ཀྱིས་མཆིལ་མ་འཕེན་སའི་རུལ་སུངས་པ་ཞིག་ཏུ་གྱུར། གྱོད་དཔེ་འདིས“གཏན་འབེབས་གསུམ”ལག་བསྟར་ནན་མོ་མ་བྱས་ན་ཞིབ་དཔྱོད་པ་ལོག་ལམ་དུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ་ལ། ཁྲིམས་འགལ་སྒྲིག་འགལ་གྱི་ཉེས་པ་རང་བློ་ལ་མི་ཤོང་བ་བསགས་ནས་བཟློག་ཐབས་མེད་པའི་མི་ངན་ཉེས་ཅན་དུ་འགྱུར་སླ་བ་བསྟན།

གྱོད་དཔེ་ལྔ་པ། ཝུའུ་ཆེ་གེ་མོ“གཏན་འབེབས་གསུམ” འགལ་གྱི་གྱོད་དཔེ།
དེ་ནི་ཞིབ་དཔྱོད་པ་དང་དོ་བདག་པ། དམིགས་བསལ་འབྲེལ་བ་ཡོད་མཁན་བར་ངན་འབྲེལ་བཟུང་བའི་གྱོད་དཔེ་ཞིག་རེད། ཝུའུ་ཆེ་གེ་མོ་ནི་སྔོན་ཆད་རྫོང་ག་གེ་མོའི་མི་དམངས་ཞིབ་དཔྱོད་ཁང་གི་མྱུལ་ཞིབ་ལྟ་སྐུལ་ཁའོ་ཡི་ཁའོ་ཀྲང་ཡིན་དུས་སུ་སློབ་གྲོགས་དང་གྲོགས་པོའི་ངོ་མ་ཆོད་པར་སྒྲིག་འགལ་ཐོག་ལྐོག་ནས་དོགས་ཡོད་ཉེས་ཅན་དང་། དམིགས་བསལ་འབྲེལ་མི་ལ་ངོ་འཕྲད་ཅིང་ལྐོག་རྔན་བླངས། སྒེར་ངོས་ནས་སྤྱི་བདེ་ལས་ཁུངས་ལ་དོགས་ཡོད་ཉེས་ཅན་གྱི་ཉེས་དོན་རྩད་གཅོད་མི་དགོས་པའི《ཞིབ་དཔྱོད་བསམ་འཆར》འདོན་རོགས་བྱས་པ་མ་ཟད། གྱོད་ཁུངས་སུ་འཇུག་པའི་ལྟ་སྐུལ་འགན་འཁྲི་རང་འགུལ་ཐོག་དོར་ནས་དོགས་ཡོད་ཉེས་ཅན་ཁྲིམས་ཁ་ནས་ཤོར་དུ་བཅུག གྱོད་དཔེ་འདིས“གཏན་འབེབས་གསུམ”ལག་བསྟར་ནན་མོ་བྱ་བ་ནི་ཞིབ་དཔྱོད་པ་“”སྤྱང་ཚོགས་ལས་ཐར་ཞིང་། ཁྲིམས་འཛིན་དྲང་བཞག་གི་སྒོ་ནས་འགན་སྲུང་ཐུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་བསྟན།

གྱོད་དཔེ་དྲུག་པ། ལིའུ་ཆེ་གེ་མོ་སོགས“གཏན་འབེབས་གསུམ”དང་འགལ་བའི་གྱོད་དཔེ།
དེ་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས“གཏན་འབེབས་གསུམ”དང་འགལ་བའི་བྱ་སྤྱོད་སྤེལ་བ་ནས་མཇུག་མཐར་ཞིབ་དཔྱོད་དང་འདྲི་གཅོད་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་མང་པོ་ཞིག་སྒྲིག་ཁྲིམས་ལ་འགལ་ཞིང་། ཐ་ན་བྱས་ཉེས་བསགས་པའི་གྱོད་དོན་བྱུང་བའི་གྱོད་དཔེ་ཞིག་རེད། ལིའུ་ཆེ་གེ་མོས་སྔོན་ཆད་གྲོང་ཁྱེར་ག་གེ་མོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པའི་འགན་བཞེས་དུས་སུ་གཞན་གྱི་མངག་བཅོལ་དང་ལེན་དང་འབྲེལ་ནས་ལས་གནས་ཀྱི་གོ་བབ་བེད་སྤྱད་དེ་སྒྲིག་འགལ་ཐོག་རིམ་པ་འོག་མའི་ཞིབ་དཔྱོད་ཁང་གི་ཉེས་དོན་གྱོད་གཞི་རྩད་ཞིབ་ལ་ཐེ་གཏོགས་བྱས། དེ་དུས་གྲོང་ཁྱེར་དེའི་ཆུས་ག་གེ་མོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་ཐིན་ཆེ་གེ་མོ་དང་ཞིབ་དཔྱོད་ཁང་དེའི་གཞུང་གཏུག་ཁའོ་ཡི་ཁའོ་ཀྲང་ཀའོ་ཆེ་གེ་མོ་གཉིས་ཀྱི་གྱོད་སྒྲུབ་ལ་ཡང་ཐེ་ཇུས་ཐེ་གཏོགས་བྱས་ནས་ཁྲིམས་འགལ་ཐོག་གྱོད་དོན་ཐག་བཅད་པ་དང་། གྱོད་དོན་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་རྗེས་ལིའུ་ཆེ་གེ་མོས་ཡང་བསྐྱར་ཁྲིམས་ཁང་གི་འབྲེལ་ཡོད་མི་སྣ་བཙལ་ནས་མངག་བཅོལ་རེ་ཞུ་བྱས་པས། མཐར་ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་གི་ཆད་པ་འབབ་པའི་ཀྲང་ཆེ་གེ་མོ་སོགས་ཉེས་ཅན་གྱི་ཉེས་ཆད་ཕྱིར་འགྱངས་བྱས། གྱོད་དཔེ་འདིས“གཏན་འབེབས་གསུམ”ལག་བསྟན་ནན་མོ་བྱ་བ་ནི་ཁྲིམས་འཛིན་དྲང་བཞག་སྐྱོང་བའི་རིན་ཐང་དང་དོན་སྙིང་གལ་ཆེན་ཡིན་པ་ཡང་བསྐྱར་བསྟན་པ་རེད།

ཁོན་ཐར་འཚོས་བསྒྱུར།