མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང23པ)

“ལྔ་གཅིག”དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་བབ་རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱ་བ་ལེགས་པོ་བསྒྲུབ་པ་དང་། འདུ་ཚོགས་རང་བཞིན་གྱི་རིམས་བབ་འབྱུང་བར་འགོག་སྲུང་ནན་མོ་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གཞུང་ལས་ཁང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ། ད་ལྟ་འབྲེལ་དོན་ཚན་གྱི་བརྡ་ཁྱབ་བཏང་བ་གཤམ་ལྟར།

གཅིག རྒྱུན་རྣམ་ཅན་གྱི་འགོག་སྡོམ་འགན་འཁྲི་དམ་པོ་འཛིན་པ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་ཆེན་སྐབས་ཀྱི“ཕྱི་ནས་ནང་ལ་འགོ་བ་དང་ནང་ནས་སླར་ཡང་མཆེད་པའི”བྱ་བ་ ལྷོད་གཡེང་མེད་པར་འཛིན་དགོས་ལ། རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་ནན་མོ་དང་། རྒྱུན་རྣམ་ཅན་གྱི་འགོག་སྡོམ་འགན་འཁྲི་ནན་དཀྲི་བྱས་ཏེ། སྡེ་ཁུལ་གྱི་དོ་དམ་འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་དང་། ཕྱི་རྒྱལ་གྱི་རིམས་བབ་ནང་ལ་འགོ་བར་འགོག་སྡོམ་བྱེད་ཐབས་འགུལ་རྣམ་ཅན་འཐུས་ཚང་དུ་བཏང་ནས། ནད་རྟགས་མེད་པའི་ནད་པ་གནད་ཁེལ་འགོག་སྡོམ་བྱེད་པ་ལེགས་པོར་བསྒྲུབ་སྟེ། རིམས་བབ་འགོག་སྡོམ་གྱི་དྲ་བ་སྔར་བས་ཞིབ་ཚགས་དང་བརྟན་པོ་བཏང་ནས། རིམས་བབ་ཕྱིར་ལྡོག་བྱེད་པར་ཆད་ལྷག་ཡོད་པར་འདོད་པ་ཡོངས་སུ་བཀག་སྡོམ་བྱ་དགོས་ཤིང་། སེམས་ཤུགས་མི་ལྷོད་པ་དང་ལྷོད་གཡེང་མི་བྱེད་པ། རིམས་འགོག་དམག་འཐབ་ལ་སུན་སྣང་མི་སྐྱེས་པར་བྱས་ཏེ་རིམས་བབ་ཕྱིར་ལྡོག་མི་བྱེད་པ་དང་ཇེ་སྡུག་ཏུ་མི་འགྲོ་བར་ཁག་ཐེག་བྱ་དགོས།

གཉིས། འདུ་ཚོགས་རང་བཞིན་ལས་རིམས་བབ་ཕྱིར་ལྡོག་བྱེད་པ་ནན་འགོག་བྱ་དགོས། སྟབས་བདེ་དཔལ་ཡོན་དང་བདེ་ཐང་འཕྲོད་བསྟེན་གྱི་གུང་གསེང་རོལ་བའི་རྣམ་པ་ཤུགས་ཆེན་པོས་སྐུལ་སློང་བྱས་ཏེ། “ལྔ་གཅིག”དུས་ཆེན་སྐབས་སུ་གང་ནུས་སྒོས་ཞིང་ཆེན་བརྒལ་ནས་ཡུལ་སྐོར་ལ་མི་འགྲོ་བ་དང་། འདུ་ཚོགས་རང་བཞིན་གྱི་འདུ་འཛོམས་སམ་མཉམ་ཟས་རོལ་བའི་བྱ་འགུལ་དུ་ཞུགས་རྒྱུ་ཇེ་ཉུང་དུ་གཏང་དགོས། དྲ་སྒོ་དམ་པོའི་གནས་སུ་རོལ་རྩེད་བྱ་འགུལ་སྤེལ་བར་གཟབ་དགོས། འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱས་ཏེ། དུས་ངེས་མེད་དུ་སྒེར་གྱི་འགོག་སྲུང་ལེགས་པོ་བསྒྲུབ་དགོས། ཡུལ་སྐོར་མཛེས་ལྗོངས་ཀྱི་སྒོ་ཕྱེས་ཡོད་པ་དག་གིས་རིམས་བབ་འགོག་སྡོམ་གྱི་བྱ་བའི་འཆར་གཞི་དང་འཚུབ་ཟློག་ཐག་གཅོད་སྔོན་ཇུས་གཏན་འབེབས་བྱ་དགོས་ཤིང་། ཡུལ་སྐོར་བའི་ཁ་གྲངས་ལ་ཚོད་འཛིན་ནན་མོ་དང་ཚན་རིག་ལྟར་ཡུལ་སྐོར་བར་དབྱེ་བགོ་ལམ་སྟོན་བྱས་ནས་མི་སྣ་འདུ་ཚོགས་རྒྱག་པར་སྔོན་འགོག་བྱ་དགོས། བར་སྟོང་ལྷོད་གཡེང་མེད་པར་མ་ཟད་མི་སྣ་འདུ་འཛོམས་རྒྱག་སར་སྔོན་ལ་ཁ་ཆད་བྱེད་པ་དང་དབྱེ་བགོ་ཚད་བཀག་སོགས་ཀྱི་མི་སྣའི་འཛོམས་ཚད་ཚོད་འཛིན་བྱེད་ཐབས་སྤྱད་དེ། འདུ་ཚོགས་རང་བཞིན་གྱི་རིམས་བབ་འབྱུང་བར་འགོག་སྲུང་ནན་མོ་བྱ་དགོས།

གསུམ། “ཡིད་རྟོན་བདེ་ཐང་བཤེར་རིས”བསྟན་ནས་སྐྱོད་པ་ཁྱོན་ཡོངས་ནས་ཁྱབ་བརྡལ་དུ་གཏང་དགོས། ཞིང་ཆེན་ནང་ཁུལ་དུ“ཡིད་རྟོན་བདེ་ཐང་བཤེར་རིས”དང“ལྗང་མདོག་བཤེར་རིས”ཡོད་པའི་སྡོད་དམངས་དང་རིགས་མི་འདྲ་བའི་ཞབས་ཕྱི་མི་སྣས་བཤེར་རིས་བསྟན་ནས་སྐྱོད་པ་ལས། མི་རེ་རེ་བཞིན་བཤེར་རིས་བཤེར་ནས་ཞིབ་དཔྱད་མི་བྱེད། ཞིང་ཆེན་ནང་ཁུལ་དུ“ཡིད་རྟོན་བདེ་ཐང་བཤེར་རིས”བླངས་མེད་པའི་མི་ཡོངས་ལ“ཡིད་རྟོན་བདེ་ཐང་བཤེར་རིས”ལེན་པར་སྐུལ་སློང་དང་མཛུབ་སྟོན་བྱ་དགོས། གཙོ་གནད་ས་ཁུལ་ནས་ཕྱིར་མཚོ་སྔོན་དུ་ཡོང་བའི་མི་སྣར་ཆད་ལྷག་མེད་པར་མཐུད་སྦྲེལ་བྱེད་པ་མངོན་འགྱུར་བྱུང་བར་བྱས་ཏེ། དུས་ཐོག་ཏུ་མཐུན་སྦྱོར་དང་འབྲེལ་གཏུག་བྱས་ནས་དོ་དམ་བྱེད་པའི་ཁྱབ་ཁོངས་སུ་ལེན་པ་དང་། གཏན་འཁེལ་ནད་པ་དྲག་སྐྱེད་བྱུང་ཡོད་པ་དང་། དོགས་ཡོད་ནད་པ་ནད་མེད་ངོས་འཛིན་བྱུང་བ། ཉེ་བཅར་མཁན་དག་ལ་གཙོ་གནད་དོ་དམ་བྱེད་པ་དང་། གཙོ་གནད་ས་ཁུལ་ནས་ཕྱིར་མཚོ་སྔོན་དུ་ཡོང་བ་དང་ཕྱི་རྒྱལ་དང་གྲུ་ཁ་ནས་ཕྱིར་མཚོ་སྔོན་དུ་ཡོང་གྲབས་ཡོད་པའི“མི་སྣ་རིགས་ལྔའི”རྨང་གཞིའི་ཆ་འཕྲིན་རེ་རེ་བཞིན་བསྡུ་ལེན་བྱས་ཏེ། གནམ་གྲུ་ཐང་དང་རླངས་འཁོར་ས་ཚིགས་སོགས་གཙོ་གནད་ཀྱི་འཛུལ་སྒོ་དམ་པོར་བསྲུང་དགོས་ལ། “ལེགས་བཤེར-བརྟག་དཔྱད-སྙན་ཞུ-ལོགས་བཀར”བཅས་ ཆད་ལུས་མེད་པའི་དོ་དམ་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ཕྱི་རྒྱལ་དང་གཙོ་གནད་ས་ཁུལ་ནས་ཕྱིར་མཚོ་སྔོན་དུ་ཡོང་བའི་མི་སྣ་ཡོངས་སུ་གཅིག་ཀྱང་མ་ལུས་པར་བདེ་ཐང་ཡིག་ཞུ་དང་ལུས་དྲོད་བརྟག་འཇལ། ཉིང་སྐྱུར་ཞིབ་བཤེར་ཚད་ལེན་དང་ཉིན14ལོགས་བཀར་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས།

བཞི། གཙོ་གནད་གནས་ཡུལ་གྱི་རིམས་བབ་འགོག་སྡོམ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་ཆེན་སྐབས་ཀྱི་རིམས་བབ་འགོག་སྡོམ་གྱི་འཚུབ་ཟློག་བྱེད་ཐབས་དང་ཐག་གཅོད་བརྒྱུད་རིམ་གསལ་ཐག་ཆོད་པར་བྱ་དགོས་ལ། འཚུབ་ཟློག་འཁྲབ་སྦྱོང་ལ་ཤུགས་བསྣན་ནས་ལག་ལེན་ཆོག་པ་དང་ལག་བསྟར་ཐུབ་པར་ཁག་ཐེག་བྱས་ནས་རིགས་སོ་སོའི་ཐོལ་བྱུང་དོན་རྐྱེན་ལ་དུས་ཐོག་ཁ་གཏད་འཇལ་དགོས། མགྲོན་ཁང་དང་བཟའ་བཏུང་ལས་རིགས་དང་སྤྱི་པའི་གནས་ཡུལ་སོ་སོས་དོ་དམ་ལ་དངོས་གནས་ཤུགས་བསྣན་ནས། དུས་ཐོག་ཏུ་རླུང་རྒྱུ་བ་དང་དྭངས་གཙང་དུག་སེལ་བྱས་ཏེ། མི་སྣར་ཞིབ་བཤེར་ཚད་ལེན་དང་ཐོ་འགོད། གཙོ་གནད་མི་སྣའི་ཐག་གཅོད་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། གནས་སྐབས་ཀྱི་ལོགས་བཀར་བྱེད་ས་སྒྲིག་འགོད་བྱས་ནས་སྨན་བཅོས་ལས་ཁུངས་དང་མཉམ་འགུལ་རོགས་འདེགས་བྱེད་པར་ཤུགས་བསྣན་དགོས།

ལྔ། འཛད་སྤྱོད་དང་ཁྲོམ་ར་སླར་གསོ་བྱེད་པར་ཤུགས་ཆེན་པོས་སྐུལ་སྤེལ་གཏང་དགོས། ས་ཁུལ་སོ་སོས་ས་ཁུལ་དང་རིམ་པ་དབྱེ་ཞིང་གནད་འཁེལ་བར་ལས་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བླང་བྱ་ལྟར། སྣ་སོ་སོའི་འཛད་སྤྱོད་ཀྱི་ལས་རྣམ་རྒྱུན་ལྡན་ངང་སྒྲིག་ལམ་ཡོད་པའི་སྒོ་ནས་ལས་གཉེར་སླར་གསོ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཁེ་ལས་ཀྱིས་རིན་ཕབ་ཁེ་དོར་དང་ཐོན་རྫས་གསར་བ་འགྲེམ་སྟོན། འཛིན་བྱང་གི་རིན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་ཚོང་སྐུལ་གཟིགས་སྐྱོང་བྱ་འགུལ་སྤེལ་བར་སྐུལ་མ་བཏང་སྟེ་འཛད་སྤྱོད་ཀྱི་དགོས་མཁོ་ཕྱིར་གཏོང་བྱེད་པར་མཛུབ་ཁྲིད་བྱ་དགོས། ལས་རིགས་དང་ཁྲོམ་རའི་ཁྱད་ཆོས་གཞིར་བཟུང་ནས། ཁེ་ལས་དང་ཚོང་ཁང་གིས“ཡིད་རྟོན་བདེ་ཐང་བཤེར་རིས”བཤེར་བ་དང་བདེ་འཇགས་བར་ཐག སྔོན་ལ་ཁ་ཆད་བྱེད་པའི་ཞབས་ཕྱི། མགྲོན་པོའི་མི་གྲངས་རྩེ་སྒང་གཡོལ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཁྲོམ་རའི་སྒྲིག་ལམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། འཛད་སྤྱོད་དང་ཁྲོམ་ར་མགྱོགས་མྱུར་ངང་སླར་གསོ་བྱེད་པར་སྐུལ་སྤེལ་གཏང་དགོས།

དྲུག དུས་ཆེན་སྐབས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་དངོས་གནས་ལེགས་པོར་འཛིན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་མགོ་ཁྲིད་ལ་སྔར་བས་ཤུགས་བསྣན་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་རྐྱེན་ཡོད་པའི་འབུར་ཐོན་གནད་དོན་དང་མངོན་མེད་ཉེན་ཁ་དུས་ཐོག་ཏུ་ཐག་གཅོད་བྱ་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་དང་མེ་འགོག་ཆུ་སྐྱོན། ཉེན་ཁ་ཆེ་བའི་ལས་རིགས། གཙོ་གནད་ཁེ་ལས་བཅས་ཀྱི་བདེ་འཇགས་བྱ་བ་དངོས་གནས་ལེགས་པོར་འཛིན་དགོས་པར་མ་ཟད། འགན་འཁྲི་སྡེ་ཚན་དང་མི་སྒེར་གྱི་ཐོག་ཏུ་དོན་འཁྱོལ་བྱས་ནས་དོན་རྐྱེན་ཚབས་ཆེན་དང་ཆེན་པོ་འབྱུང་བར་རྩ་བ་ནས་སྔོན་འགོག་བྱ་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཐིག་དམ་པོར་བསྲུངས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་དངོས་གནས་སྲུང་སྐྱོབ་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ4བའི་ཚེས28ཉིན།