དམངས་སེམས་ན་བཞད་པའི་སྨན་པ་བཟང་བོ་རིན་ཆེན།

ཁྲུན་གང་གི《སྨན་པ་ཡིན་པའི་རྐྱེན་གྱིས》ཞེས་པའི་དེབ་དེའི་ནང“སྨན་པ་ཞིག་གི་ངོས་ནས་བརྗོད་ན། མི་གང་འདྲ་ཞིག་ལ་ནད་ཕོག་པ་ཤེས་རྟོགས་ཐུབ་རྒྱུ་དེ་མི་ཞིག་ལ་ནད་གཞི་གང་འདྲ་ཞིག་ཕོག་པ་ཤེས་པ་ལས་ཀྱང་གལ་ཆེན་ཡིན”ཞེས་བཤད་པ་དང་། སྐད་ཆ་དེ་སྨན་པ་རིན་ཆེན་གྱིས་སེམས་སུ་བརྟན་པོར་བཟུང་བར་མ་ཟད། ནད་པའི་ལུས་སེམས་གསོ་བའི་སྨན་བཅོས་ཀྱི་ལམ་བུའི་ཐོག་ཁོང་དང་གཏན་དུ་འབྲེལ་ཡོད།

སྨན་པ་ཁོ་ནི1964ལོར་སྐྱེས། མཚོ་བྱང་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་ཡིན། 1986ལོ་ནས་ད་བར་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་བོ་ནས་བྱ་བ་སྒྲུབ་པ་དང་། རིན་ཆེན་ཞེས་པའི་སྨན་པ་ཁོ་གླེང་དུས་བརྩེ་བས་ཕྱུག་པ། གཤིས་རྒྱུད་བཟང་བ། སྨན་པ་བཟང་བོ་ལ་སོགས་པའི་གདེང་འཇོག་གི་སྐད་ཆ་ནི་ནད་པ་ཚོས་མགྲིན་གཅིག་ཏུ་སྨྲ།

ཁོང་དང་ཐུའུ་ཡིའུ་ཡིའུ་ལ་དུས་མཚུངས་སུ་རྒྱལ་ཡོངས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཁོངས་གཏོགས་ཀྱི“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དུ་བདམས་པ་དང་། ཁོང་ལ“རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་སྐབས་ལྔ་བའི་མིང་འདོན་བྱ་དགའི”གཟི་བརྗིད་མཚན་སྙན་ཐོབ་པ་དང་། དེ་མིན“པའེ་ཆིའུ་ཨེན་བྱ་དགའ”ཐོབ་མཁན་ཡང་ཡིན། ཁོ་ལ་ཐོབ་པའི་བསྟོད་བསྔགས་དང་མཚན་སྙན་ནི་བགྲང་གིས་མི་ལངས། འོན་ཀྱང་ཁོང་གིས་ནད་པའི་སེམས་ནང་གི་སྨན་པ་བཟང་བོ་ཞིག་བྱེད་རྒྱུ་དེ་རང་ཉིད་ཀྱི་མི་ཚེའི་དམིགས་ཚད་ལ་བརྩི་གི་ཡོད།

ཁོང་ནི་འབངས་མི་སེར་གྱི་སེམས་ནང་གི་སྨན་པ་བཟང་བོ་ཞིག་རེད།

རིན་ཆེན་རྐང་ཚ་རྫོང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་། ཁོང་གིས“ཆུང་དུས་ནས་བཟུང་ང་རང་འཚར་ལོངས་བྱུང་རྗེས་རྩྭ་ཐང་གི་སྨན་པ་ཞིག་བྱེད་རྒྱུ་ཡིན། ལོ19ནས་བཟུང་ཁོང་གིས་གཞི་རིམ་འཕྲོད་བསྟེན་ཁང་དུ་ལས་ཀ་བྱས་ནས་ལོ30ལྷག་ཙམ་སོང་ཡོད།

གཞི་རིམ་གྱི་ཞང་གྲོང་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་ནས་མཚོ་བྱང་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་བར་རིན་ཆེན་གྱིས་བོད་ལུགས་གསོ་རིག་དར་སྤེལ་གཏོང་རྒྱུ་དེ་མི་ཚེ་གང་བོའི་དོན་གཉེར་བྱ་ཡུལ་དུ་བརྩི་གི་ཡོད། སྨན་བཅོས་བྱས་ནས་ལོ30ལྷག་ཙམ་སོང་བའི་རིང་ཁོང་གིས་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པ་དང་། བོད་ལུགས་དང་ཕྱི་ལུགས་ཀྱི་གསོ་རིག་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་རྒྱུན་མཐོང་གི་ནད་དང་བཅོ་དཀའ་བའི་ནད་སྣ་ཚོགས་སྨན་བཅོས་བྱས་པ་དང་། ལྷག་པར་དུ་བོད་ལུགས་གསོ་རིག་གི་ཁྲག་གཏར་བ་དང་མེ་བཙའ་རྒྱག་པ། སྐམ་ཁབ། སྣུམ་དུགས་བཅས་དང་ཁོང་བསྟེན་སྨན་རྫས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་གྲུམ་བུའི་ཚིགས་ནད་དང་། གྲུམ་བུ། གྲིབ་ནད། གཞོགས་ཞ་བ་དང་། སྙིང་ཀླད་ཁྲག་རྩའི་ནད། མཆིན་པ་སྲ་འགྱུར་སོགས་བཅོ་དཀའ་བའི་ནད་སྨན་བཅོས་བྱེད་ཀྱི་ཡོད། པེ་ཅིང་དང་སི་ཁྲོན། བོད་ལྗོངས། ཀོང་ཀྲིག ཧྥུའུ་ཅན་སོགས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ནད་པ་མང་པོ་ཞིག་གིས་ཆེད་དུ་སྨན་པ་རིན་ཆེན་བཙལ་ནས་སྨན་བཅོས་བྱེད་ཀྱི་ཡོད།

ནད་ལ་བལྟས་ནས་སྨན་སྟེར་བ་ལས་སྨན་གོང་ཆེན་གང་འདོད་མི་སྟེར་བ་ནི་སྨན་པ་རིན་ཆེན་ཁོའི་སྨན་ཐོ་འབྲི་བའི་རྩ་དོན་ཡིན། མང་ཚོགས་ཀྱི“སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི”གནད་དོན་ཐག་གཅོད་བྱ་ཆེད། རིན་ཆེན་གྱིས་ཐབས་ཤེས་གང་མང་བཏོན་ནས་ཚང་མར་དངུལ་ཉུང་ཙམ་གཏོང་བ་དང་ནད་ཡག་པོ་བཅོས་གང་ཐུབ་བྱས་པ་རེད། ལོ་མང་རིང་ཁོང་གིས་ཐོག་མཐའ་བར་གསུམ་དུ་ནད་པའི་ངོས་ནས་གནད་དོན་ལ་བསམ་གཞིག་དང་། ལུས་ཀྱི་ན་ཟུག་དང་སེམས་ཀྱི་སྡུག་བསྔལ་སེལ་ཏེ་སྤྱི་ཚོགས་ཡོངས་ཀྱི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད།

ཞི་ཨན་ནས་ཡོང་བའི་ཝང་ཕུང་ལ་གཅིན་དུག་ཕོག་པ་དང་ཀླད་ཁྲག་འགགས་པ་སོགས་ཀྱི་ནད་ཕོག་ནས་མཚོ་བྱང་བོད་སྨན་ཁང་དུ་སྨན་བཅོས་བྱེད་པར་མ་ཡོང་གོང་འཚོ་བ་རང་མགོ་རང་ཐོན་བྱེད་མི་ཐུབ། ནད་ཕོག་པ་ནས་བཟུང་ཁོང་གིས་རྒྱལ་ཡོངས་ཀྱི་སྨན་ཁང་ཆེ་ཆུང་ཚང་མར་སོང་ནས་སྨན་བཅོས་བྱས། རྗེས་སུ་གྲོགས་པོས་ངོ་སྤྲོད་བྱས་པ་བརྒྱུད་ཝང་ཕུང་གིས་ཚོད་ལྟ་ཞིག་བྱེད་བསམ་ནས་སྨན་པ་རིན་ཆེན་རྙེད་བྱུང་། རིན་ཆེན་གྱིས་ནད་པ་འགྲོ་འདུག་སྟབས་མི་བདེ་བར་བསམ་ནས་སྨན་ཁང་ནས་ཁོང་ལ་ཁང་པ་ཞིག་བཙལ་ཏེ་སྔོན་ལ་བཀོད་སྒྲིག་བྱས་རྗེས་རིམ་བཞིན་སྨན་བཅོས་བྱེད་དུ་བཅུག་པ་དང་། རིན་ཆེན་གྱིས་སེམས་ཞིབ་མོས་ལྟ་རྟོག་བྱེད་པ་མཐོང་སྐབས་ཝང་ཕུང་གི་སེམས་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་ཡོད། རིན་ཆེན་གྱིས་སྨན་བཅོས་ཞིབ་ཚགས་བྱས་པ་བརྒྱུད་ད་ལྟ་ཝང་ཕུང་འཁར་བ་ལ་བརྟེན་ནས་འགྲོ་ཐུབ་ཀྱི་ཡོད། སྔོན་ཆད་རང་ཉིད་བོད་ལུགས་གསོ་རིག་ལ་ཆ་རྒྱུས་ཅི་ཡང་མེད། རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་བཤད་ན་བོད་སྨན་སྨན་བཅོས་གོང་བདེ་བ་མ་ཟད། ཕན་ནུས་ཀྱང་ཧ་ཅང་མངོན་གསལ་ཡོད་ལ། སྨན་བཅོས་ལག་རྩལ་དང་སྨན་པའི་ཀུན་སྤྱོད་ཡག་པོ་འདི་འདྲ་ཡོད་པ་ནི་ངའི་བསོད་ནམས་རེད་ཅེས་ཝང་ཕུང་གི་སྐད་ཆ་འདི་ལས་ཁོའི་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུ་བ་རང་བཞིན་གྱིས་རྟོགས་ཡོང་།

རིན་ཆེན་གྱིས་ནད་པ་གཉེན་ལྟར་བརྩི་བ་དང་ཐག་རིང་ནས་ཡོང་བའི་ནད་པར་ཟས་སྡོད་བཀོད་སྒྲིག་བྱེད་ལ། དམིགས་བསལ་དཀའ་ངལ་ཡོད་པའི་ནད་པར་སྨན་རིན་མི་ལེན་པར་སྨན་བཅོས་བྱེད་པར་མ་ཟད། ད་དུང་ཁོ་ཚོའི་སྨན་རིན་གྱི་ཕྱེད་ཀ་བཅག་ནས་ལེན་གྱིན་ཡོད། ཁོང་གིས་རྟག་ཏུ་ནད་པ་དབུལ་བོར་སྨན་རིན་སྤྲོད་རོགས་བྱེད་པས་རྒྱ་ཆེའི་ནད་པ་ཚོའི་བསྔགས་བརྗོད་དང་ཡིད་ཆེས་ཐོབ་ཡོད།

“ངའི་བསམ་པར་ནད་པའི་ན་ཟུག་སེལ་ཐུབ་བྱེད་པ་ནི་སྤྲོ་སྣང་ཞིག་རེད། སྨན་པ་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དཀའ་སྡུག་བློ་ལ་བརྟན་པོར་བཅངས་ནས་མི་སེར་ལ་དངུལ་སྒོར་སྐར་མ་གཅིག་ཀྱང་གང་དགར་གཏོང་དུ་འཇུག་མི་རུང་།”ཞེས་པའི་སྟབས་བདེའི་བབ་ཆགས་ཀྱི་སྐད་ཆ་དེ་དག་ལས་རིན་ཆེན་ནི“སྨན་པ་བྱང་སེམས་ཅན”ཞིག་ཡིན་པ་མངོན་པར་མཚོན་ནོ།།

ཁོང་ནི་ལས་གྲོགས་སེམས་ཀྱི་དགེ་རྒན་དང་གྲོགས་མཆོག་ཡིན།

“དགེ་རྒན་དང་གྲོགས་མཆོག” “ཕུ་བོ་རྒན་པ” “གཟབ་ནན” “མཛའ་བརྩེ་ལྡན་པ”སོགས་འདི་དག་ཚང་མ་ཉེ་འཁོར་གྱི་ལས་གྲོགས་དང་གྲོགས་པོ་ཚོས་རིན་ཆེན་ལ་སྦྱར་བའི“མིང་བྱང”ཡིན་པ་དང་། མིང་བྱང་འདི་དག་ཚང་མ་རིན་ཆེན་གྱི་བསྡུས་གཟུགས་ཡག་ཤོས་དེ་རེད། ང་དང་ཡོན་ཀྲང་རིན་ཆེན་གཉིས་ཀྱིས་མཉམ་དུ་བྱ་བ་བསྒྲུབས་ནས་ལོ10བུད་སོང་། ཁོང་རིག་གཞུང་སྣེ་ཁྲིད་པ་ཞིག་དང་རྒྱལ་ཁབ་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་གི་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས་རང་དཔེ་གཞན་སྟོན་བྱས་ཡོད་ལ། ལོ50ལྷག་ལ་སླེབས་ཀྱང་སྔར་བཞིན་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་རྒྱུན་འཁྱོངས་བྱས་པར་མ་ཟད། ད་དུང་རྟག་ཏུ་ལས་སྣོན་བྱས་ནས་ནད་པར་སྨན་བཅོས་བྱེད་ཀྱིན་ཡོད་ཅེས་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྟག་ལྷས་དེ་ལྟར་བཤད།

སྟག་ལྷས་གསར་འགོད་པར་བཤད་རྒྱུར། རྒྱུན་ལྡན་གྱི་བྱ་བའི་ཁྲོད་ང་ཚོས་བསམ་གཞིགས་བྱེད་ཚད་མང་ཤོས་ནི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལེགས་ཆ་སྤྱད་དེ་ནད་པར་སྨན་རིན་ཉུང་ཤོས་སྤྲད་ནས་སྨན་བཅོས་ཡག་ཤོས་བྱ་རྒྱུ་དེ་ཡིན། ད་དུང་ཞིང་ཆེན་ཕྱི་ནང་ནས་གཉེར་བའི་རིག་གཞུང་ཚོགས་འདུ་བརྒྱུད་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འཕེལ་རྒྱས་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས། དུས་རྒྱུན་གྱི་དོ་དམ་ཁྲོད་ཡོན་ཀྲང་རིན་ཆེན་གྱིས་དམངས་གཙོ་དར་སྤེལ་གཏོང་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད། སྨན་ཁང་དང་ནད་པའི་དོན་དག་ཅིག་ཡིན་ཕྱིན་ཆེ་ཆུང་ལ་མ་བལྟོས་པར་ཚང་མ་ཚོགས་འདུར་ཞུགས་ནས་སྨན་ཁང་ཚན་ཁག་གི་ཁོངས་མི་དང་གྲོས་བསྡུར་བྱེད་ཀྱི་ཡོད་ཟེར། རིན་ཆེན་གྱིས་སློབ་སྦྱོང་བྱེད་མཚམས་གཏན་ནས་འཇོག་མྱོང་མེད། ནམ་རྒྱུན་བོད་ལུགས་གསོ་རིག་དང་འབྲེལ་བ་ཡོད་པའི་དུས་དེབ་དང་ཚད་ལྡན་ཡིག་ཆར་བལྟ་རྒྱུར་དགའ་བོ་ཡོད། རྒྱུན་དུ་ན་གཞོན་སྨན་པ་ཚོར་ཁ་བཤད་དཔེ་སྟོན་བྱེད་པས་བོད་ལུགས་སྨན་པའི་ཁྲོད་ཀྱི་འཐུས་མི་ཞིག་རེད། ཡོན་ཀྲང་རིན་ཆེན་གྱིས་ང་ཚོར་མེ་བཙའ་དང་གཏར་ཁ། ནད་བསྟུན་སྨན་སྤྲོད་སོགས་ཀྱི་ལག་ལེན་རྒྱུད་སྤྲོད་བྱས་པར་མ་ཟད། ད་དུང་ཆེད་དུ་དུས་ཚོད་སྤྱད་དེ་ང་ཚོར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁྲིད་ཀྱི་ཡོད། དུས་རྒྱུན་ཆེད་ལས་སྐོར་གྱི་དོགས་གཞི་ཡོད་ཚེ་ཡོན་ཀྲང་རིན་ཆེན་གྱིས་ཞིབ་ཚགས་དང་གཟབ་ནན་གྱིས་འགྲེལ་བཤད་རྒྱག་གི་ཡོད་ཅེས་བོད་སྨན་ཁང་གི་སྨན་པ་བློ་བཟང་ཕྱོགས་གླང་གིས་དེ་ལྟར་བཤད།

2013ལོའི་ཟླ10བར། མཚོ་བྱང་ཁུལ་གྱིས་བོད་སྨན་ཁང་དུ“རིན་ཆེན་ལས་སྒྲུབ་ཁང”བཙུགས་ནས་རིན་ཆེན་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་ཉམས་མྱོང་དང་རིག་གཞུང་གི་བསམ་བློར་ཕྱོགས་སྡོམ་དང་ཞིབ་འཇུག་བྱས་ཏེ། ཁོང་གི་བོད་ལུགས་གསོ་རིག་གི་བརྟག་ཐབས་དང་གསང་ཐབས་ལེགས་སྒྲིག་བྱས་ནས་ནད་ཐོག་ཏུ་སྤྱོད་ཀྱི་ཡོད། དུས་མཚུངས་སུ“རིན་ཆེན་ལས་སྒྲུབ་ཁང”གིས་ད་དུང་རྒྱུན་འཛིན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས་འོད་མདངས་བཀྲ་བའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད།

ཁོང་ནི་མཚོ་བྱང་བོད་ལུགས་གསོ་རིག་གི་སྣེ་ཁྲིད་པ་ཞིག་རེད།

མཚོ་བྱང་ཁུལ་གྱི་བོད་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རིན་ཆེན་གྱི་སྔར་ནས་ད་བར་གྱི་ཕུགས་འདུན་དང་དོན་གཉེར་ཞིག་ཡིན་ཞིང་། ལོ་མང་གི་ནད་ཐོག་སྨན་བཅོས་ལག་ལེན་གྱི་རྨང་གཞིའི་ཐོག་ཁོང་གིས་བོད་ལུགས་གསོ་རིག་གི《རྒྱུད་བཞི》དང《ཤེལ་གོང་ཤེལ་ཕྲེང》སོགས་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་མཛུབ་ཁྲིད་དུ་བྱས་ཏེ། སྔ་རྗེས་སུ་རྩ་འཁྲུ་བ་དང་གཏར་ཁ། སྣུམ་དུགས་པ། དྲོད་བཅོས་སོགས་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་ཞིང་ཕན་ནུས་མངོན་གསལ་དོད་པ། སྟབས་བདེའི་དཔལ་འབྱོར་བཅས“གསར་བ་གསུམ”གྱི་རྣམ་གྲངས་མང་བོ་སྤེལ་ནས《བོད་ལུགས་གསོ་རིག་གི་གཏར་ཁ་གསོ་ཐབས་ཀྱི་བཀོལ་སྤྱོད་སྒྲིག་སྲོལ》སོགས་དཔྱད་བཅོས་ཆེད་ལས་ཚན་ཁག་གི་བཀོལ་སྤྱོད་སྒྲིག་སྲོལ7བཟོས་ཤིང་། བོད་ལུགས་གསོ་རིག་གི་གཏར་ཁ་དང་མེ་བཙའི་གསོ་ཐབས་གསར་གཏོད་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལྷག་པར་དུ་མ་གནས་དམའ་བ་དང་འཐུང་སྟབས་བདེ་བ། སྨན་བཅོས་ནུས་ལྡན་ཡིན་པའི་རང་བྱུང་གི“ལྗང་མདོག་སྨན་རྫས”—བོད་སྨན་གྱི“ཁ་གུར་དྲུག་པ”ཞིབ་བཟོ་དང་གསར་སྤེལ་ནང་ཧུར་ཐག་ཞུགས་ལ། སྨན་རྫས་དེ་ས་ཁུལ་འདིར་སྔོན་ཐོན་གྱི་ཆུ་ཚད་དུ་སླེབས་པ་དང་ཞིང་ཆེན་ནང་ཁུལ་གྱི་ཆུ་ཚད་དང་གཅིག་མཚུངས་སུ་སླེབས་ཡོད།

ལྷག་པར་དུ་ད་ལོའི་ལོ་འགོར་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། བོད་ལུགས་གསོ་རིག་གིས་གློ་བུར་དུ་ཐོན་པའི་འགོས་ནད་འགོག་བཅོས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། རིན་ཆེན་གྱིས་ཁུལ་བོད་སྨན་ཁང་གི་སྨན་བཅོས་ལས་དོན་མི་སྣ་ཡོངས་ཀྱི་སྣེ་ཁྲིད་དེ་སྨན་ཁང་དེའི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་པྲོག་གསར་རིམས་ནད་ཀྱི་བོད་ལུགས་གསོ་རིག་གི་འགོག་བཅོས་ཇུས་གཞི》བཟོས་ནས་འགྲོ་སྡོད་དང་བཟའ་བཏུང་། སྨན་རྫས་བཅས་ཕྱོགས་གསུམ་ནས་སྔོན་འགོག་བྱས་ཆོག་པར་བསྟན། ད་དུང་ཉིན་མཚན་བསྟུད་མར་ཆམ་རིམས་སྔོན་འགོག་དང་རིམས་འགོག་ནུས་པ་ཆེ་རུ་གཏོང་བའི“རིམས་སྲུང་བདུན་པ”བཟོས་ནས་རིམས་འགོག་ཚོད་འཛིན་གྱི་འཐབ་ས་དང་བོའི་མི་སྣར་རིན་མེད་ངང་མཁོ་འདོན་བྱས་པ་རེད།

མཚོ་བྱང་ཁུལ་གྱི་པྲོག་གསར་གློ་ཚད་ཕོག་པའི་ནད་པ3བདེ་ཐང་ངང་སྨན་ཁང་ནས་ཕྱིར་བུད་རྗེས། ནད་པ་དེ་དག་སངས་དྲག་ཡོང་ཆེད། རིན་ཆེན་གྱིས་བོད་ལུགས་གསོ་རིག་གི་ཆེད་མཁས་པ་དང་མཉམ་དུ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ3གྱི་གནས་ཚུལ་ལ་གྲོས་བསྡུར་དང་དབྱེ་ཞིབ། སྨན་སྦྱོར་བཅས་ཡང་ཡང་བྱས་པར་མ་ཟད་ལོ་མང་གི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ལྡན་པའི་ཆེད་མཁས་པ་གཉིས་ནད་གསོ་མི་སྣའི་ཁྱིམ་དུ་མངགས་ནས་ཁོ་ཚོར་སྔར་ལས་ལྟ་ཞིབ་དང་སྨན་བཅོས་བྱས་པ་རེད།

ལོ་བཅུ་ཕྲག་འགའི་རིང་། རིན་ཆེན་གྱིས་དུས་ཡུན་རིང་བོར་འོས་འགན་ལས་བརྒལ་བའི་བྱ་བ་ཕྲག་ཏུ་བླངས་ཤིང་ངལ་གསོ་ཆ་ཚང་ཞིག་ཐེངས་གཅིག་ལའང་བྱས་མ་མྱོང་། ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་ད་དུང་ཁྲག་ཤེད་མཐོ་བའི་ནད་དང་སྙིང་ནད། རྐེད་ཚིགས་འབུར་བའི་ནད་སོགས་བྱུང་ཡོད་པ་རེད།

ཁོང་གིས་ཏང་ཡོན་ཞིག་གི་ངོས་ནས་བརྗོད་ན། མཐར་གཏུགས་ན་དངོས་སྒྲུབ་ལ་བརྟེན་དགོས། དངོས་དོན་སྒྲུབ་པར་ཏན་ཏན་ཏིག་ཏིག་གིས་སྒྲུབ་དགོས་པ་ལས་སྟོང་བཤད་ཁོ་ན་བྱེད་མི་རུང་བར་དོན་འཁྱོལ་དམ་འཛིན་བྱ་དགོས། ཡིག་ཆ་དང་གཏམ་བཤད་ཁྲོད་རང་དགར་མི་འདུག་པར་དངོས་སུ་ལག་ལེན་དུ་བསྟར་དགོས་ལ། སྐྱིད་ཆགས་སྡུག་གཡོལ་བྱེད་མི་རུང་ཞེས་བཤད།

རིན་ཆེན་གྱི་སྙན་གྲགས་ཇེ་ཆེར་འགྲོ་དང་འགྲོ་བཞིན་མཆིས་ལ“སྨན་པ་རིན་ཆེན”ཞེས་པའི་མིང་གྲགས་དེ་ཞིང་ཆེན་ཕྱི་ནང་ཀུན་ཏུ་ཁྱབ་ཡོད། ཞིང་ཆེན་གྱི་སྨན་ཁང་དང་ཐ་ན་ཞིང་ཆེན་ཕྱིའི་སྨན་ཁང་ཚང་མས་གླ་ཕོགས་མཐོན་པོ་བྱིན་ནས་ཁོང་གདན་འདྲེན་ཞུས་ནའང་། ཁོང་སེམས་འགུལ་སྤུ་ཙམ་ཡང་མི་ཐེབས་པར། “མི་སེར་གྱི་སྡུག་བསྔལ་སེལ་ཆེད། ང་གང་དུ་ཡང་མི་འགྲོ། ས་ཆ་འདི་སྲུང་དགོས།” ཞེས་བཤད། འདི་ལྟར་བབ་ཆགས་ཀྱི་སྐད་ཆ་ཞིག་གིས་རྒྱ་ཆེའི་མང་ཚོགས་ཀྱི་སྨན་པ་ཞིག་གི་ཐོག་མའི་བསམ་འདུན་མཚོན་པར་བྱས་ཡོད།