མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང22པ།)

པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཧུར་ཐག་གིས་ཁ་གཏད་འཇལ་བ་དང་། ཁེ་ལས་འཕེལ་རྒྱས་ལ་རོགས་སྐུལ་བྱས་ནས་ཕན་ནུས་ལྡན་པའི་སྒོ་ནས་དགོས་མཁོ་རྒྱ་བསྐྱེད་དེ། གྲོང་མིའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྦས་ཤུགས་ཏན་ཏིག་གིས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དམངས་ལ་ཁེ་ཕན་བསྐྲུན་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བདེ་ཐང་འཛད་སྤྱོད་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས་ཤིང་། ད་ལྟ་འབྲེལ་ཡོད་དོན་ཚན་ཁག་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

1.ལག་བསྟར་ཁྱབ་ཁོངས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དམངས་ལ་ཁེ་ཕན་བསྐྲུན་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བདེ་ཐང་འཛད་སྤྱོད་ལག་བསྟར་བྱས་ནས། ཚོང་དོན་འཁོར་རྒྱུག་དང་། བཟའ་བཏུང་ཞག་སྡོད། རླངས་འཁོར་འཛད་སྤྱོད། སྣུམ་རྫས་བྲིན་ཚོང་བཅས་དང་། དེ་བཞིན་ཡུལ་སྐོར་རིག་གནས་ལུས་རྩལ་སོགས་རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་པའི་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་རྣམས་ཁ་གཏོད་ས་གཙོ་བོ་ཡིན། རང་ཞིང་གི་གྲོང་མི་དང་དེ་བཞིན་ཞིང་ཆེན་ཕྱི་ནས་ཡོང་མཁན་གྱིས“ཡིད་རྟོན་བདེ་ཐང་ཨང་གྲངས”ཐོ་འགོད་དང་བེད་སྤྱོད་བྱས་ཚེ། ཕྱི་ནང་གི་མིའི་དབྱེ་བ་མེད་པར་བདེ་ཐང་འཛད་སྤྱོད་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཆོག་ཅིང་། ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས17གྱིས་གསར་སྤེལ་བྱས་པའི་གཟིགས་སྐྱོང་ཐོན་རྫས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ཀྱི་ཚོགས་མི་རྣམས་རིམ་པ་དེ་གའི་བཟོ་ཚོགས་རྩ་འཛུགས་ཀྱི་འཛད་སྤྱོད་སྐུལ་འདེད་བྱེད་སྒོར་ཞུགས་དགོས།

2.ནང་དོན་གཙོ་བོ། ཞིང་ཆེན་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ལྔ་གྲབས་གསོག་བྱས་ཏེ་ཁྲོམ་རའི་གཙོ་ཁྲིད་དངུལ་བུན་གྱི་སྐྱེད་ཀ་གཅོག་པ་དང་འཛད་སྤྱོད་པར་གཟིགས་སྐྱོང་བྱ་རྒྱུ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཁག་གིས་དངུལ་རྩའི་ཐོན་ཁུངས་སྤྱི་འདོམས་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་མ་དངུལ་སྒོར་དུང་ཕྱུར་གསུམ་གྲབས་གསོག་བྱེད་པ་དང་། སོ་སོའི་ཁྱད་ཆོས་ཀྱི་ལེགས་ཆ་དང་མགྲོན་པོའི་རེ་འདོད་ལ་གཞིགས་ནས་དངུལ་རྩའི་ཐོན་རྫས་གསར་སྤེལ་འགྲེམ་གཏོང་བྱས་པ་དེ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་སྐྱེད་ཀ་གཅོག་པ་དང་འཛད་སྤྱོད་པར་ཁེ་བཟང་སྤྲོད་པའི་གཟིགས་སྐྱོང་ཐད་སྤྱོད་རྒྱུ། 2020ལོའི་ཟླ5ཚེས1ཉིན་ནས་ཟླ10ཚེས15ཉིན་བར། ཞིང་ཆེན་ཡོངས་ཀྱི་སྡེབ་ཚོང་སིལ་ཚོང་དང་། སྣ་བརྒྱའི་ཚོང་ཁང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་། ཞག་སྡོད། རིག་གནས་ཡུལ་སྐོར། སྤྱི་སྤྱོད་རླངས་འཁོར། སྣུམ་སྣོན་ས་ཚིགས་སོགས་དམངས་འཚོའི་འཛད་སྤྱོད་བྱེད་ས་གཙོ་བོ་དག་ཏུ་དམངས་ལ་ཁེ་ཕན་བསྐྲུན་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བདེ་ཐང་འཛད་སྤྱོད་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་རྒྱུ། “ལྔ་གཅིག”དང“དྲུག་གཅིག” “བདུན་གཅིག” “བརྒྱད་གཅིག” “བཅུ་གཅིག”བཅས་དང་། དྭངས་གསལ་དུས་ཆེན་དང་། དགེ་རྒན་དུས་ཆེན། ཟླ་མཆོད་དུས་ཆེན་སོགས་གཙོ་གནད་དུས་ཆེན་དང་དུས་ཚིགས་སྐབས་སུ། གཟིགས་སྐྱོང་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་དུས་ཐོག་ཏུ་སྤེལ་བ་དང་འབྲེལ། སྨྱན་སྦྱོར་དང་རང་སོ་སོའི་ཚོང་གཉེར་ལས་སྟེགས་ཐོག་ཡོངས་བསྒྲགས་ཀྱང་བྱ་རྒྱུ་ཡིན། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱི་ཚོགས་མིའི་ཕན་བདེའི་གྲོན་དངུལ་སྒོར་དུང་ཕྱུར་གཉིས་གྲབས་གསོག་བྱས་ཏེ། འཛད་སྤྱོད་འཛིན་ཤོག་གི་རྣམ་པའི་ཐོག་ནས་བཟོ་ཚོགས་ཀྱི་ཚོགས་མིར་འགྲེམ་གཏོང་བྱས་ཏེ་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པའི་ཚོང་ཁང་དུ་འཛད་སྤྱོད་བྱེད་དགོས།

3.“ཡིད་རྟོན་བདེ་ཐང་ཨང་རྟགས”ཁྱོན་ཡོངས་ནས་ཁྱབ་སྤེལ་གཏང་རྒྱུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་ཚོང་དོན་ཕྱོགས་བསྡུས་ལས་ཁུངས་དང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་སྒོ་བསྟེན་ཚོང་ཁང་། རིག་གནས་རོལ་རྩེད་བྱེད་ས། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་ཁྱོན་ཡོངས་དང་གནས་ཀུན་ཏུ“ཡིད་རྟོན་བདེ་ཐང་ཨང་རྟགས”སྦྱར་ནས། ཚོང་ཁང་དུ་འཛུལ་མཁན་གྱིས“ཨང་བཤེར་ཐོ་འགོད་གྱིས་ཨང་རྟགས་ལྗང་གུ་ཤར་ན་བགྲོད་པའི”པྲོག་གསར་གློ་ཚད་རིམས་ནད་གནས་བབ་ཀྱི་རྒྱུན་རྣམ་ཅན་གྱི་འགོག་སྡོམ་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། འཛད་སྤྱོད་པས“ཡིད་རྟོན་བདེ་ཐང་ཨང་རྟགས”བཤེར་འབེབས་བརྒྱུད་ནས་འཛད་སྤྱོད་རིགས་འདེམས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། སྒོར་དངུལ་སྤྲོད་སྐབས་འཛད་སྤྱོད་ཀྱི་གཟིགས་སྐྱོང་ལོངས་སྤྱོད་བྱེད་དུ་འཇུག་དགོས། ཡིད་རྟོན་སྐུལ་ལྕག་གཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་ཡིད་རྟོན་བཟང་བའི་འཛད་སྤྱོད་པར་གཟིགས་སྐྱོང་སྐུལ་ལྕག་བྱེད་པ་དང་། ཁ་དན་ཚིག་ལ་མི་གནས་པར་ཆད་གཅོད་བསླབ་འདོམས་ཀྱི་མིང་ཐོའི་ནང་བཅུག་རིགས་ལ་གཟིགས་སྐྱོང་སྤ་སེ་དང་གཟིགས་སྐྱོང་འཛད་སྤྱོད་རེ་ཞུ་བྱེད་པར་ཚོད་འཛིན་བྱེད་དགོས།

4.ཁེ་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་མཉམ་འདྲེས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་དངུལ་བུན་བསྐྱར་གཏོང་དང་། སྐྱེད་ཀ་སླར་སྤྲོད། རྒྱུན་གྲབས་དངུལ་བུན་གཏོང་ལེན་གྱི་སྟབས་བདེ་སོགས་ཀྱི་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། ཐོག་མའི་དངུལ་བུན་དང་ཡིད་རྟོན་དངུལ་བུན་ཇེ་མང་དུ་གཏོང་བ་དང་། དེ་བཞིན་མ་བུན་མ་སྤྲད་པར་དངུལ་བུན་བསྐྱིས་བའི་བསྡུར་ཚད་མཐོ་རུ་བཏང་སྟེ། ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་སྣ་ཚོགས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་འབྲེལ། ལུགས་མཐུན་གྱིས་དངུལ་བུན་སྤྲོད་ཡུན་ཇེ་རིང་དང་དངུལ་བུན་གྱི་སྐྱེད་ཀ་དམའ་རུ་གཏོང་བ། འགྲོ་ལུགས་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་དུད་ཚང་ལ་མ་དངུལ་བསྡུ་སྒྲིལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཀྱི་ཁུར་པོ་ཏན་ཏིག་གིས་ཇེ་ཡང་དུ་གཏོང་བ་དང་། ཁེ་ལས་ཀྱི་རྒྱུན་གཏན་གཉེར་སྐྱོང་དང་ཐོན་འབབ་གཉིས་ཀ་དམིགས་ཚད་དུ་སླེབས་པར་རོགས་སྐྱོར་བྱས་ཏེ། ལས་ཞུགས་བརྟན་པོ་ཡོང་བར་སྐུལ་སྤེལ་དང་། ངལ་རྩོལ་པའི་ཡོང་འབབ་འགན་སྲུང་། འཛད་སྤྱོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

5.ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་གཅོག་རྒྱུ། དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་ལས་ཁུངས་ཀྱིས་དངུལ་བུན་གྱི་རྨང་གཞིའི་སྐྱེད་ཚད་ཀྱི་རིན་གོང་གཏན་འཁེལ་ལམ་སྲོལ་གཞིར་བཟུང་ནས། དངུལ་བུན་གྱི་སྐྱེད་ཀ་ལུགས་མཐུན་གྱིས་གཏན་འཁེལ་བྱས་ཏེ། དངུལ་བུན་གྱི་སྐྱེད་ཀའི་མི་མངོན་པའི་ཚད་གཞི་མེད་པར་བཟོས་ནས། ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་ལོ་གོང་མ་ལས་མངོན་གསལ་དོད་པོས་ཇེ་དམའ་རུ་གཏོང་རྒྱུར་འགན་ལེན་བྱེད་པ། རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་བའི་ཁེ་ལས་ཀྱི་དངུལ་བུན་གསར་པའི་སྐྱེད་ཀ་དེ་རྩ་དོན་ཐོག་དུས་མཚུངས་ཀྱི་དངུལ་ཁང་ཁག་གི་དངུལ་བུན་གྱི་དབང་སྣོན་ཆ་སྙོམས་སྐྱེད་ཀ་ལས་མི་མཐོ་བ་བྱེད་དགོས།

6.དམངས་ཕན་འཛད་སྤྱོད་ལག་བསྟར་བྱ་རྒྱུ། དངུལ་ཁང་ལས་རིགས་ཁག་གི་དངུལ་རྩའི་ལས་ཁུངས་ཀྱིས་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལ་བརྟེན་ནས་ཁེ་བཟང་སྤྲོད་པ་དང་། དངུལ་སྤྲོད་ལ་གཟིགས་སྐྱོང་ཁེ་བཟང་སྟེར་བ། འཛད་སྤྱོད་འགྲོ་ལུགས་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ། ཧེ་བག་ཅན་གྱི་དུས་འགྱངས་དངུལ་བུན་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྡོད་ཁང་དང་། རླངས་འཁོར་ཉོ་བ། ཁང་པ་མཛེས་བཟོ། རིག་གནས་རོལ་རྩེད་དང་དེ་བཞིན་འབབ་འཕར་ལས་གཏོད་སོགས་ཀྱི་འཛད་སྤྱོད་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་གྲོང་མིའི་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་བ། དངུལ་རྩའི་ཁེ་བཟང་ལེན་པའི་ཁྱབ་ཁོངས་ཁག་གི་ཚོང་པ་ཚོས་རྩེག་སྣོན་ཉུང་གཏོང་དང་ཕབ་ཆ་གཅོག་པ་སོགས་ཀྱི་གཟིགས་སྐྱོང་ལ་བརྟེན་ནས་འཛད་སྤྱོད་པར་ཁེ་བཟང་སྔར་ལས་མང་བ་སྤྲོད་པ་དང་དམངས་ཕན་འཛད་སྤྱོད་བྱེད་རྒྱ་ཧུར་ཐག་གིས་ཆེ་རུ་གཏོང་དགོས།

7.བཟོ་ཚོགས་ཀྱི་ཚོགས་མིའི་བདེ་ཐང་འཛད་སྤྱོད་སྤེལ་རྒྱུ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱི་ཕན་བདེ་དང་། དམངས་ཕན། བདེ་ཐང་བཅས་ཀྱི་འཛད་སྤྱོད་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་། རིམ་པ་ཁག་གི་བཟོ་ཚོགས་རྩ་འཛུགས་ཀྱིས་རིམ་པ་དེ་གའི་བཟོ་ཚོགས་ཀྱི་གྲོན་དངུལ་ཁྲོད་ཐེངས་གཅིག་ལ་ལོ་ཧྲིལ་པོའི་བཟོ་ཚོགས་ཀྱི་ཕན་བདེའི་གྲོན་དངུལ་དེ་འཛད་སྤྱོད་འཛིན་ཤོག་གི་རྣམ་པའི་ཐོག་ནས་བཟོ་ཚོགས་ཀྱི་ཚོགས་མིར་སྤྲད་དེ་ལས་བཟོ་པའི་བདེ་ཐང་འཛད་སྤྱོད་ལ་སྐུལ་མ་གཏོང་དགོས།

8.ལས་གཏོད་འབབ་འཕར་ལ་རྒྱབ་སྐྱོར་བྱ་རྒྱུ། “དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི”སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམས་ནད་ཀྱིས་སྐྱེད་པའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་མགྱོགས་པོ་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། ལས་ཞུགས་ལས་གནས་དང་ལས་ཞུགས་བྱེད་སྟངས་སྔར་ལས་མང་པོ་གསར་གཏོད་བྱེད་དགོས། ལས་གཏོད་ཡིད་རྟོན་དངུལ་བུན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱས་ནས་ལས་ཞུགས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་པའི་ལས་ཞུགས་ཞབས་ཞུ་ལེགས་སུ་བཏང་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱས་ནས་ལས་ཞུགས་ལ་འགན་ལེན་བྱེད་པ། ངལ་རྩོལ་པའི་ཡོང་འབབ་འཕར་བ་དང་འཛད་སྤྱོད་སྐུལ་ཁྲིད་བཅས་ལ་སྐུལ་འདེད་གཏོང་དགོས།

9.ཧེ་བག་ཅན་གྱི་ལྟ་སྐུལ་དོ་དམ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། ཧེ་བག་ཅན་གྱི་ལྟ་སྐུལ་དོ་དམ་སྲིད་ཇུས་སྤྱད་དེ། དངུལ་རྩའི་ལས་ཁུངས་ཀྱིས་འཛད་སྤྱོད་ཡིད་རྟོན་དངུལ་བུན་གཏོང་ཚད་མང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་དང་འཛད་སྤྱོད་དངུལ་བུན་གྱི་ལས་སྒོར་འོས་འཚམ་གྱིས་ནོར་འཁྲུལ་རུང་བ་དང་། ནོར་འཁྲུལ་ཡོ་བསྲང་། འགན་འཁྲི་མེད་པ་བཅས་བྱེད་པ་དང་། དངུལ་རྩའི་ལས་ཁུངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་མི་ལེགས་པའི་དངུལ་བུན་ལ་བཟོད་སྒོམ་བྱེད་ཚད་མཐོ་རུ་གཏོང་བ། དངུལ་བུན་ལེན་ཕོད་པ་དང་། དངུལ་བུན་གཏོང་འདོད་ཡོད་པ། དངུལ་བུན་གཏོང་ཐུབ་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་དགོས། ཡིད་རྟོན་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཡིད་རྟོན་ཀྲུང་གོ(མཚོ་སྔོན)”ལས་སྟེགས་དྲ་ཚིགས་དང་རྒྱལ་ཡོངས་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐབས་བསྟུན་གྱིས་ཚོང་གོང་ཧམ་སྤར་སོགས་ཁྲིམས་འགལ་དང་ཁ་དན་ཚིག་ལ་མི་གནས་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། དཔེ་མཚོན་གྱོད་གཞི་དམར་རྗེན་དུ་འདོན་པ། ཡིད་རྟོན་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་ལག་བསྟར་བཅས་བྱེད་དགོས།