རང་ཞིང་གིས་འཛམ་གླིང་གོ་ལའི་ཉིན་མོ་བསུས།


ཟླ4ཚེས22ཉིན་ནི་འཛམ་གླིང་གོ་ལའི་ཉིན་མོ་ཨང51པ་ཡིན་ཞིང་། ད་ལོའི་བརྗོད་བྱང་ལ“གོ་ལར་གཅེས་སྐྱོང་བྱས་ཏེ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས”ཞེས་པ་ཡིན་ཞིང་། ཉེ་ལམ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་གཟའ་འཁོར་གཅིག་རིང་ལ་སྤྲོ་ཁང་། མགྲིན་ཚབ། བརྙན་ཕབ། ཨང་བཤེར། དྲི་ལན། ཐད་གཏོགས་ལ་སོགས་ཀྱི་ལམ་ནས་དྲ་ཐོག་དྲ་ཕྱི་གང་རུང་ནས་བྱེད་སྒོ་སྤེལ།

ཤེས་གསལ་ལྟར་ན། ཟླ4ཚེས20ཉིན་ནས་བཟུང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་དངོས་མང་བཤམས་སྟོན་ཁང་གཉིས་ཀྱིས“མཚོ་བོད་མཐོ་སྒང་ལ་སྲུང་སྐྱོབ་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་རང་བྱུང་ཐོན་ཁུངས་ཀྱི་བྱེད་སྒོ”ཞེས་པའི་ཆེད་དོན་བཅར་འདྲི་དང་། “བདག་གིས་རང་བྱུང་ཁམས་ཆེན་མོའི་མགྲིན་ཚབ་བྱེད”ཅེས་པའི་བརྙན་ཐུང་འཚོལ་བསྡུ་ལ་སོགས་པའི་བྱེད་སྒོ་སྒྲིག་འཛུགས་ཐོག་སྤེལ་ཡོད་པ་རེད། དེའི་རིང་དུ་ཁྱོན་བསྡོམས་བརྙན་ཐུང18འཚོལ་སྡུད་བྱུང་བ་དང་། འབྲེལ་ཡོད་ཆེད་མཁས་པ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འཐུས་ཚབ་སོགས་གདན་ཞུས་ཏེ། གོ་ལར་གཅེས་སྐྱོང་དང་མཚོ་བོད་མཐོ་སྒང་སྲུང་སྐྱོབ་ལ་སོགས་ཐད་ནས་བསམ་བློ་བརྗེ་རེས་མཛད། ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་དང་པོ་ན་འདམ་སློབ་གྲྭའི་དགེ་སློབ60སྒྲིག་འཛུགས་ཐོག་རང་བྱུང་ཐོན་ཁུངས་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་དེ། ཁོ་ཚོར་རབ་མཛེས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་ཤེས་རྟོགས་བྱེད་དུ་བཅུག་པ་དང་། སློབ་མས་སྣོད་བཅུད་སྲུང་སྐྱོབ་སྐོར་གྱི་ཤེས་བྱར་སློབ་སྦྱོང་བྱེད་རོགས་དང་། སྐྱེས་དངོས་སྣ་མང་རང་བཞིན་གྱི་མཛེས་ཉམས་ལ་མྱོང་ཚོར་བྱེད་དུ་བཅུག་ནས་སློབ་མའི་རང་བྱུང་ལ་གོང་བཀུར་དང་། བརྩི་སྲུང་། རང་བྱུང་ཆོས་ཉིད་དང་བསྟུན་པའི་སྲུང་སྐྱོབ་ཀྱི་འདུ་ཤེས་བསྐྱེད་ཐུབ་ལ་རོགས་བྱས་པ་རེད།

ཟླ4ཚེས21ཉིན། ཞིང་ཆེན་རང་བྱུང་ཐོན་ཁུངས་དངོས་མང་བཤམས་སྟོན་ཁང་གཞི་བྱས་ཏེ། “ཆུ་གསུམ་འགོ་ཁུངས། སྣོད་བཅུད་སྲུང་ཡོལ། རྒྱལ་ཁབ་སྤྱི་གླིང་། ཐོན་ཁུངས་ནུས་ཁུངས། ”ཞེས་མིང་བྱང་བཞི་གཙོར་བཟུང་ནས་དྲིལ་སྒྲོག་བྱས་ཤིང་། རང་བྱུང་ཐོན་ཁུངས་ཐིང་གི་ཆེད་ལས་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་དབྱང་ཀྲན་ཅུན་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིག་ཧྥེང་ཀྭའེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་སྣོད་བཅུད་ལྟ་སྐྱོང་བ་ཝན་ཞའོ། “ཀྲུང་གོའི་སྐད་སྙན”གྱི་གླུ་བ་དང་པོ་བསྟན་འཛིན་ཉི་མ་སོགས་ཀྱིས་མིང་བྱང་བཞིའི་མགྲིན་ཚབ་གནང་སྟེ། “རབ་མཛེས་མཚོ་སྔོན། རང་བྱུང་གི་སྒེའུ་ཁུང”ཞེས་པ་འོས་སྦྱོར་བྱས།

ཁོན་ཐར་འཚོས་བསྒྱུར།