རང་ཞིང་གིས་མུ་མཐུད་དུ་མདོ་ལ་རི་བོའི་སྣོད་བཅུད་ལྟ་སྐུལ་ཚད་ལེན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4ཚེས10ཉིན། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་དང་མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི《མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁོངས་ཀྱི་སྣོད་བཅུད་གནས་ཚུལ་བཀོད་ཁྱབ》སྤྱི་བསྐྲགས་ཀྱི་་ཚོགས་འདུའི་ཐོག མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཧན་ཆིང་གིས། རང་ཞིང་གིས་ཕྱོགས་གསུམ་ནས་མདོ་ལ་རི་བོའི་སྣོད་བཅུད་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ་རེད་ཟེར།

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ལས་ཀ་སྤེལ་ཚུན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་གནང་སྟེ། ཧྲུའུ་ཅི་དང་ཧྲིན་ཀྲང་གིས“ཚན་གཙོ་གཉིས”ཀྱི་འགན་ཁུར་པའི་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ལས་དོན་ཚན་ཆུང་བཙུགས་ཤིང་། 《མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁོངས་ཀྱི་སྣོད་བཅུད་གནས་ཚུལ་བཀོད་ཁྱབ》གཏན་ལ་ཕབ་ནས་པར་འགྲེམས་བྱས་པ་དང་། ཚོད་ལྟ་བྱ་ཡུལ33གྱི་འོས་འགན་གཏན་ལ་ཕབ། དེ་ལས་ལས་འགན་གལ་ཆེན་ཉག་ཅིག་ནི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་མ་ལག་བཙུགས་པ་དེ་ཡིན་ལ། ངེས་གཏན་གྱི་དུས་ཚོད་ནང་སྣོད་བཅུད་མ་ལག་ཆགས་གྲུབ་ཁྲོད་བྱུང་བའི་འགྱུར་ལྡོག་དང་། ཞབས་ཞུའི་བྱེད་ནུས། ཆུའི་སྤུས་ཀ། ཁོར་ཡུག་གི་བཟང་ངན། གནམ་གཤིས་འགྱུར་ལྡོག་ལ་སོགས་པར་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་བརྒྱུད་དམིགས་སུ་བྱེད་ཐབས་དང་བསམ་འཆར་བཏོན་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་གི་འདེགས་སྐྱོར་ནུས་པ་མཐོར་འདེགས་སུ་་བཏང་།

ཁ་འཕྲོར་རང་ཞིང་གིས་མུ་མཐུད་གཤམ་གསལ་ཕྱོགས་གསུམ་ནས་སྣོད་བཅུད་ལྟ་སྐུལ་ཚད་ལེན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ་སྟེ། 

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིབ་འཇུག་ལྟེ་གནས་དང་ཚན་ཞིབ་ཀྱི་རྟེན་གཞི་སྟེགས་བུའི་དགེ་མཚན་འདོན་སྤེལ། ཞིབ་འཇུག་ལྟེ་གནས་དང་ཚན་ཞིབ་རྟེན་གཞི་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད། ཚན་ཞིབ་མཉམ་ལས་དང་འཇོན་མི་བརྗེ་སྤེལ་གསོ་སྐྱོང་བྱ་བ་ལེགས་སྤེལ་བཅས་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་ལས་གཞི་ཧུར་ཐག་གིས་སྤེལ་རྒྱུ།

རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ལྟ་སྐུལ་ཚད་ལེན་མ་ལག་བཙུགས་ཏེ། རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག སྣོད་བཅུད་མ་ལག་གི་བྱེད་ནུས་དང་དེའི་གོ་རིམ་ལ་ཕྱོགས་བསྡུས་ཐོག་ལྟ་སྐུལ་ཚད་ལེན་བྱས་ནས་དཔྱད་བསྡུར་ཐོག་གནམ་ས་གཞི་གཅིག་གི་སྣོད་བཅུད་ལྟ་སྐུལ་ཚད་ལེན་སྟེགས་བུ་གཟུགས་རྒྱུ།

དོན་དངོས་ཟུང་འབྲེལ་ཐོག་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁོངས་ཀྱི་གནམ་གཤིས་དང་ཆུ་དཔྱད་ལྟ་སྐུལ་ཚད་ལེན་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”སྐབས་སུ་ཕྱོགས་བསྡུས་ལྟ་སྐུལ་ཚད་ལེན་ས་ཚིགས4དང་། གཞི་རྩའི་གནམ་གཤིས་བརྟག་དཔྱད་ཚད་ལེན་ས་ཚིགས8བཅས་གསར་དུ་བསྐྲུན་ནས་སྤྱི་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་དུས་ཐོག་ཏུ་ལྟ་སྐུལ་ཚད་ལེན་དང་། གླིང་ཁུལ་དུ་ཡོད་པའི་ལོ་མང་གི་འཁྱགས་སའི་འགྱུར་ལྡོག་ལ་ལྟ་སྐུལ་ཚད་ལེན། གནམ་གཤིས་འགྱུར་ལྡོག་གིས་གླིང་ཁུལ་གྱི་སྐྱེ་དངོས་དང་འཁྱགས་རོམ། དེ་མིན་ལོ་མང་གི་འཁྱགས་སར་ཤུགས་རྐྱེན་ག་འདྲ་ཐེབས་ཚུལ་ལ་དཔྱད་སྡུར་སོགས་བྱས་ནས་སྤྱི་གླིང་གི་སྣོད་བཅུད་ཁོར་ཡུག་གི་འགྱུར་རིམ་ལ་ལྟ་སྐུལ་ཚད་ལེན་བྱ་བ་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་གནམ་གཤིས་འགྱུར་ལྡོག་དང་། ན་འདམ། འཁྱགས་ས། རྩྭ་ས། འཁྱགས་རོམ་བཅས་ཀྱི་ལྟ་སྐུལ་ཚད་ལེན་དང་དཔྱད་སྡུར་ནུས་པ་མཐོར་འདེགས་སུ་བཏང་ནས་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་དང་དོ་དམ་མངོན་འགྱུར་བྱ་རྒྱུ།

རྒྱལ་ཁབ་གཞན་པའི་སྤྱི་གླིང་དང་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ལག་རྩལ་ཚན་པའི་བར། ཚན་ཞིབ་གླིང་དང་སློབ་གྲྭ་ཆེ་འབྲིང་གི་བར་གྱི་བརྗེ་སྤེལ་འབྲེལ་བར་ཤུགས་བསྣན་ཏེ། ཆེད་ལས་ཀྱི་ཤེས་བྱ་དག་རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་དང་ལྟ་སྐུལ་ཚད་ལེན་གྱི་ལས་གཞིར་ཞུགས་པར་ཁྲིད་སྟོན་བྱེད་པ་དང་། ཚན་ཞིབ་ནུས་པ་ཆེར་བསྐྱེད་དེ་ཚན་ཞིབ་དང་ལྟ་སྐུལ་ཚད་ལེན་སྐོར་གྱི་རྟོག་ཞིབ་ལས་གཞི་ལག་བསྟར་ལ་ཤུགས་བསྣན་ཏེ། ཆེད་ལས་འཇོན་མིའི་དཔུང་སྟོབས་དེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྱོང་གི་ཁྲོད་དུ་ཞུགས་པར་ཁྲིད་སྟོན་ཕན་ལྡན་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་གི་འདེགས་སྐྱོར་མ་ལག་གང་མགྱོགས་ཅི་མགྱོགས་ཀྱིས་བསྐྲུན་རྒྱུ་བཅས་རེད། 

ཁོན་ཐར་འཚོས་བསྒྱུར།