བོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལས་ཁུངས་ཀྱིས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ།

སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ནས་གཞུང་ཁོངས་ཁེ་ལས་ཀྱི་སྤྱི་ཚོགས་ནུས་པ་འདོན་སྤེལ་བྱ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལས་ཁུངས་ཀྱིས་ལྟ་སྐུལ་དོ་དམ་ཁེ་ལས་དང་བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་གི་སྤང་ཕུ་གྲོང་ཚོར་བསྐྱོད་དེ“གཞུང་ཁོངས་ཁེ་ལས་ཀྱི་སྣོད་བཅུད་ནགས་ཚལ”གྱི་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ་རེད།

ཤིང་འཛུགས་བྱ་ཡུལ་ནས་མི་ཚང་མས་ལྕགས་ཁེམ་གྱིས་ས་བརྐོ་བའམ། ཡང་ན་ལྗང་བུ་སྐྱོར་ནས་ས་རྒྱོང་བ་སོགས་ཀྱི་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཤིང་འཛུགས་ནགས་བཟོའི་བྱེད་སྒོའི་ནང་ཞུགས་མཁན་ཁྱོན་མི་300ལྷག་ཙམ་ཡོད་པ་དང་སྡོང་ཕྲུག་1000བཏབ་ཡོད། སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་གི་སྤང་ཕུ་གྲོང་ཚོའི“གཞུང་ཁོངས་ཁེ་ལས་ཀྱི་སྣོད་བཅུད་ནགས་ཚལ”ལ་འཛུགས་སྐྲུན་རྒྱ་ཁྱོན་མུའུ་130ལྷག་ཙམ་ཡོད་པ་དང་སྡོང་ཕྲུག་15800འདེབས་འཛུགས་བྱས་ཡོད་ལ། ཁྱོན་མ་དངུལ་སྒོར་ཁྲི་299བཏང་ཡོད་པ་རེད།