ཧོར་རིགས་ཡུལ་ཚོའི་ཚེམ་དྲུབ་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་མཛེས་རིས་བཟོས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ཚང་མས་ཤེས་པའི་ལག་ཤེས་ལ་བརྟེན་ནས་མ་དངུལ་བཙལ་ཐུབ་ཀྱི་ཡོད་དམ་ཞེ་ན། ”ཁོམ་གསེང་ལ་མེ་ཏོག་སྣ་ཚོགས་དྲུབ་རྒྱུར་དགའ་བའི་ཁྱིམ་བདག་རྣམས་ཀྱིས་དེ་ལ་ཐེ་ཚོམ་བྱེད་པ་རེད། སྔོན་ཆད་ལ་མཚོན་ན་དེ་ནི་འཚོ་བའི་ལག་ཤེས་ཙམ་དུ་ཟད་ན་ཡང། ད་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐོན་ལས་སུ་གྱུར་ཡོད་པ་དོན་དངོས་ཀྱིས་ར་སྤྲོད་ཐོབ། ལོ་འདི་དག་ལ། སྡེར་ཚེམ་ལ་འཛིན་སྐྱོང་སྤེལ་གསུམ་ཕན་ལྡན་ཐོབ་པས། ཁྱིམ་ཚང་དབུལ་པོའི་བུད་མེད་ཀྱིས་དེ་ལ་བརྟེན་ནས་ཡོང་འབབ་རེ་བསགས་ནས་དབུལ་སྒྲོལ་ལ་སྐུལ་འཁྲིད་བྱ་ཆེད། ཧོར་གྲོང་སྡེར་ཚེམ་ཧོར་རིགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་སྡེར་ཚེམ་ལག་རྩལ་དང་ཐོན་རྫས་ལ་ཞིབ་འཇུག་དང་། གསར་གཏོད། ཟབ་སྦྱོང་། ཐོན་སྐྱེད། བྲིན་འཚོང་སོགས་རིམ་པ་གཅིག་གྱུར་ཐོག་ཅུང་ཆ་ཚང་བའི་སྤུས་སྲུང་ལམ་ལུགས་བཙུགས་ཏེ། ཐོན་ལས་ཀྱི་ལམ་ཁར་འཁྲུལ་མེད་ངང་ཕྱོགས་པར་ཁག་ཐེག་བྱས་ལ། ཐོན་རྫས་ཀྱི་སྙན་གྲགས་ཡང་རིམ་བཞིན་ཇེ་ཆེར་སོང་། འདན་མ་གྲོང་རྡལ་ཕུ་ཅ་གྲོང་ཚོ་དང་། སོ་པུ་ཐན་གྲོང་ཚོ་སོགས་གྲོང་ཚོ་བཅོ་བརྒྱད་དུ“ཧོར་རིགས་སྡེར་ཚེམ་མངོན་མེད་ཤུལ་བཞག་རིག་གནས་དབུལ་སྐྱོར་ལས་ཞུགས་བཟོ་ཁང”བཙུགས་ཡོད་པ་མ་ཟད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག“ཨ་མའི་ལག་བཟོ”ཞེས་པའི་མཉམ་ལས་ཁང་བཙུགས་པ་དང་། “唯品会”ཝེ་ཕེན་ཚོགས་པ་སོགས་དྲ་ཚོང་བར་མངག་ཉོའི་གྲོས་ཆིངས་བཞག་སྟེ། སྲོལ་རྒྱུན་གྱི་སྡེར་ཚེམ་བརྩམས་ཆོས་དང་རིག་གནས་གསར་གཏོད་ཐོན་རྫས། རིག་གནས་ཡུལ་སྐོར་ཐོན་རྫས་སོགས་བཟོ་བཞིན་ཡོད། དེ་དང་ཆབས་ཅིག ཁྱིམ་ཚང་དབུལ་པོ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་རྒྱུར་གཙིགས་སུ་བཟུང་ནས་ཐོན་ལས་གསར་གཏོད་ལ་ཤུགས་བརྒྱབ། “ཀུང་སི་དང་མཉམ་ལས་ཁང་ཟུང་འབྲེལ”གྱི་ནང་རྐྱེན་ལམ་ལུགས་ལ་གཞིར་བཟུང་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལེགས་བཅོས་བྱས་ནས་མཉམ་ལས་ཁང་དང་དབུལ་སྒྲོལ་ཕན་ཁེ་ཟུང་གི་དགེ་མཚན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་ཐོག་དབུལ་པོ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་ཁར་འཁྲིད་ཐབས་བྱས། ད་ཆ་ཀུང་སི་དེས་དབུལ་པོའི་བྱང་བུ་ཐོགས་མཁན་གྱི་ཚེམ་དྲུབ་བཟོ་མཁན་ཁྱིམ་ཚང117ཡོད་ཅིང་། དབང་སྐྱོན་ཚེམ་དྲུབ་བཟོ་བ20ཡོད་པ་ལས་དབུལ་པོ་བཟོ་བའི་ལོའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར2800ཡན་འཕར་ཐུབ་ཀྱི་ཡོད་པ་རེད། ཚང་མར་ཚེམ་བཟོ་ལག་རྩལ་ཡག་པོ་ཡོད་པ་མ་ཟད། སྲིད་ཇུས་འདི་འདྲ་བཟང་པོའི་འཁྲིད་སྟོན་ཡོད་པས། ལག་རྩལ་རྒྱུད་འཛིན་ཐུབ་མིན་དང་ཕྱུག་པོར་འགྱུར་ཐུབ་མིན་ལ་སེམས་ཁྲལ་ཡེ་ནས་མི་དགོས། ཞེས་རྫོང་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྡེར་ཚེམ་གྱི་རྒྱུད་འཛིན་པ་ཧུའུ་ལན་སུའུ་ཁ་ཡིས་དེ་ལྟར་བཤད་བྱུང་བ་རེད།


ཁོན་ཐར་འཚོས་བསྒྱུར།