ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ3པའི་ཚེས25ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཧྲེན་ཀྲང་ལིའུ་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་ཝུའུ་ཧན་གཡུལ་ས་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་ས་གནས་དེ་གའི་རིམས་ནད་མཆེད་རྒྱུ་གཞི་རྩའི་ཆ་ནས་འགོག་ཐུབ་པ་དང་། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)ཚང་མ་རྒྱུན་གཏན་གྱི་སྔོན་འགོག་ཚོད་འཛིན་དོ་དམ་ལ་བསྒྱུར་བ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁག་གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་ཐུབ་པ་དང་། “ཕྱིར་འགྲོ་ཐུབ་པ་གཉིས”དམིགས་ཚད་མངོན་འགྱུར་བྱེད་བཞིན་ཡོད་པ་རེད། འོན་ཀྱང་རིམས་ནད་དེ་གོ་ལ་ཧྲིལ་པོར་དར་ཁྱབ་ཆེ་བ་དང་། ནད་དཔེ་སིལ་བུ་ཐོན་པ་དང་རིམས་ནད་ཁག་གཅིག་ཐོན་པའི་ཉེན་ཁ་སྔར་བཞིན་གནས་པ། རང་ཞིང་གི“ནང་འདྲེན་འགོག་པའི”གནོན་ཤུགས་སྔར་བཞིན་ཛ་དྲག་པོ་ཡོད་པ། ལས་ཞུགས་སླར་གསོ་དང་ཐོན་ཚད་མཐོ་བའི་ལས་འགན་ཧ་ཅང་ལྕི་པོ་ཡོད་པ་བཅས་རེད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རྒྱུན་མཐུད་གནད་སྨིན་ཤུགས་བརྒྱབ་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་དང་མི་འཚམ་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དུས་ཐོག་ཏུ་ལེགས་སྒྲིག་དང་མེད་པར་བཟོ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་པ། ལས་ཞུགས་སླར་གསོ་དང་ཐོན་ཚད་དང་ཕན་འབྲས་ཐོན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏང་བ་བཅས་བྱེད་དགོས་ཤིང་། ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་ནུས་ལྡན་གྱི་དགོས་མཁོ་སྔར་བས་ཆེ་རུ་གཏང་བ་དང་། ཁེ་ལས་ལ་རོགས་རམ་བྱེད་པ། ལས་ཞུགས་བརྟན་པོ་བྱེད་པ་སོགས་ཀྱི་ཁ་གཏད་གཅོག་ཐབས་ལ་ཕྱོགས་བསྡུས་ཞིབ་འཇུག་བྱས་ཏེ“བརྟན་པོ་དྲུག”གི་བྱ་བ་སྔར་བས་ཡག་པོ་བསྒྲུབས་ནས“འགག་གནད”བསལ་བ་དང“ཆད་ཚེག”གསབ་པ་བྱས་ཡོད། དངུལ་རྩའི་ཡིད་རྟོན་དངུལ་བུན་དང་། ཁྲལ་འཕྲི་དངུལ་གཅོག་སོགས་གཏན་ལ་ཕབ་པའི་སྲིད་ཇུས་ཀྱི་“སྡེབ་སྒྲིག་ཁུ་ཚུར་”གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་རྒྱག་དགོས་པ་དང་། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་ཐེམ་དུད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས་ལ། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དང་། གཏན་འཁེལ་གྱི་འཛད་སྤྱོད་དང་དེ་བཞིན་དྲ་ཐོག་སིལ་ཚོང་དང་། བཟའ་བཏུང་། འདྲི་དཔྱད། སློབ་གསོ་སོགས་ཀྱི་ཞབས་ཞུ་འཕེལ་རྒྱས་བཏང་ནས་འཛད་སྤྱོད་ཁྲོམ་ར་རྒྱ་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏང་བ། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་མཁའ་འགྲུལ་ཟོག་འདྲེན་ནུས་པ་ཆེ་རུ་གཏང་བ་དང་། ཤར་གཏོང་འགན་ལེན་དང་སྐྱེལ་འདྲེན་འགན་ལེན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་རིམ་ཁག་འགོ་ཁྲིད་ལས་བྱེད་པས་གདོང་ལེན་པ་དང་། སྔོན་ལ་སྐྱོད་པ། མིག་དཔེ་བཟང་པོ་སྟོན་པ་བཅས་བྱས་ཏེ་གཙོ་གནད་བྱ་བའི་གཅིག་གྱུར་བཀོད་སྒྲིག་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་། གོང་འོག་མཐུན་སྦྱོར་དང་སྤྱི་ཡོངས་མཉམ་འགུལ་གྱི་སྤྱིའི་ཕན་འབྲས་ཆགས་པ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བའི་རྒྱལ་ཁ་གཉིས་བརྩོན་ལེན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལི་ཅེ་ཞང་དང་། ཏང་ཙུའུ་ཡི་ཁོངས་མི་ཡན་ཅིན་ཧའེ། ཝང་ལི་མིང་། དབྱང་ཧྥེང་ཁྲུན། ཝང་ཀྲེང་ཧྲེང་། ཐེན་ཅིན་ཁྲེན། ཀྲང་ལི། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།