ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་བསྡུས་པ་དང་ལིག་ཉིང་གིས་གཙོ་སྐྱོང་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ3པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་འདས་པའི་ལོ་གཅིག་རིང་དུ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏང་རྒྱུར་ཕན་འབྲས་གསར་པ་ཐོབ་ཡོད། ཏང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་སྲིད་འཛིན་ལམ་ལུགས་མ་ལག་འཐུས་ཚང་དུ་གཏང་བ། སྲིད་འཛིན་ཐབས་ཇུས་ཚན་རིག་ཅན་དང་། དམངས་གཙོ་ཅན། ཁྲིམས་སྐྱོང་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། དྲང་གཞག་དཔལ་ཡོན་གྱི་ཁྲིམས་འཛིན་ནན་པོ་བྱེད་པ། སྲིད་དོན་ཡོངས་སྒྲོག་དང་སྲིད་དོན་ཞབས་ཞུར་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་ནུས་ལྡན་བྱེད་པ། འགན་འཁྲི་ཁ་གསལ་དང་ཁྲིམས་ལྟར་སྲིད་འཛིན་གྱི་སྲིད་གཞུང་བཅོས་སྐྱོང་མ་ལག་འཛུགས་པ་བཅས་བྱས་ནས“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་བ་དང་། “དཔེ་སྟོན་ཞིང་ཆེན་ལྔའི”འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ། “དཔལ་འབྱོར་གྱི་རྣམ་པ་བཞི”ཡི་སྣེ་ཁྲིད་ལ་ཤུགས་སྣོན་ནས་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་དང་། གནད་སྨིན་གྱི་བཅའ་ཁྲིམས་ཞབས་ཞུ། ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བཅས་མཁོ་འདོན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ནི་སྲིད་གཞུང་གི་སྤྱི་པའི་འགན་ནུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། དམངས་ཚིས་འགན་ལེན་དང་ཇེ་ལེགས་སུ་གཏང་བའི་བྱ་ཐབས་གལ་ཆེན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྨང་གཞིའི་རང་བཞིན་དང་། ཞབས་ཞུ་ཅན། འགན་སྲུང་རང་བཞིན་བཅས་ཀྱི་བྱ་བ་བཅས་རེད། ཞབས་ཞུ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། ཞབས་ཞུ་མཁོ་འདོན་མུ་མཐུད་རྒྱ་སྐྱེད་གཏང་བ་དང་དུས་མཚུངས་སུ། ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་བ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ནང་དོན་དང་། རྣམ་པ། མཁོ་སྤྲོད་བྱེད་སྟངས་བཅས་གསར་གཏོད་བྱེད་པ། ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏང་བ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྟབས་བདེ་ནུས་ལྡན། ཆ་སྙོམས་ཀུན་ཕན་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་དགོས་ཤིང་། མང་ཚོགས་དང་ཉེ་བར་བཅར་བ་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་ཁྱབ་ཁོངས་ཆེ་རུ་གཏང་བ། གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་གཡུལ་ས་དང་མི་དམངས་འདུམ་འགྲིག་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་དུ་ཁྱབ་པར་བྱེད་དགོས་པ། རྣམ་པ་བཟང་པོ་གཏོད་པ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་རྒྱ་ཁྱབ་ངང་དྲིལ་སྒྲོག་བྱས་ནས“དྲ་སྦྲེལ+ཁྲིམས་སྐྱོང་དྲིལ་སྒྲོག”གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཤེས་རྟོགས་དང་རྩོད་གཞི་འཕྲད་པའམ་ཡང་ན་སེམས་མི་སྐྱིད་པའི་དོན་དག་འཕྲད་སྐབས་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད་དེ་ཐག་གཅོད་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། མི་འབོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་རྒན་རྒོན་ཅན་གྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ། རྒན་རྒོན་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒན་རྒོན་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒྱུན་མཐུད་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཛུགས་པ། རྒན་གསོའི་ཞབས་ཞུའི་མ་ལག་དང་བདེ་ཐང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ལ། རྒན་གསོ་དང་། རྒན་བཀུར་གྱི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རྒན་རྒོན་ལ་སྤྱི་ཚོགས་གཟིགས་སྐྱོང་བྱེད་པའི་ལམ་ལུགས་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་བ། རྒན་རྒོན་དང་། ཁྱིམ་ཚང་། སྤྱི་ཚོགས། སྲིད་གཞུང་བཅས་མཉམ་དུ་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏང་བ། རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སྦྱོང་རྒྱུ་ཡོད་པ། རྒས་དུས་སྤྲོ་སྐྱིད་གཏོང་ས་ཡོད་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུ་དེ་སྔ་ཕྱི་བར་གསུམ་དུ་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་འཕེལ་རིམ་དང་འཚམ་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།