ཡིད་རྟོན་དངུལ་བུན་གྱི་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་ལས་རིགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རོགས་རམ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་ཙོང་ཁ་རྫོང་གི་ཞིང་པས་དཔྱིད་རྨོད་དང་ཁེ་ལས་ཀྱིས་ལས་གསོ་དང་བསྐྱར་གསོའི་མ་དངུལ་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། ཙོང་ཁ་རྫོང་ཞིང་ཚོང་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གྱི་ཞབས་ཞུ་ཇེ་ལེགས་སུ་བཏང་ཞིང་། ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས། དཔྱིད་རྨོད་རྨོད་གྲབས་དང་དེ་བཞིན་ལས་རིགས་སླར་གསོའི་བྱ་བར་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད།

ད་ལོ་ཙོང་ཁ་རྫོང་གིས་དཔྱིད་རྨོད་རྨོད་གྲབས་ཀྱི་དངུལ་བུན་གཏོང་སྐབས་དེ་སྔའི་དངུལ་བུན་གྱི་སྐྱེད་ཚད་ཀྱི་རྨང་གཞིའི་ཐོག་གཟིགས་སྐྱོང་ཆེ་ཤོས་ཀྱི་རྟེན་གཞི154ཡོད་པའི་ནང་། ཅོང་ཁའི་ཞིང་ཚོང་དངུལ་ཁང་གིས་དཔྱིད་རྨོད་རྨོད་གྲབས་ཀྱི་དངུལ་བུན་མ་དངུལ་སྒོར་དུང་ཕྱུར2གཟིགས་སྐྱོང་སྐྱེད་ཚད་ཀྱི་རྣམ་པའི་ཐོག་ནས་སྤྲོད་རྩིས་ཡོད་པ་དང་། དཔྱིད་རྨོད་རྨོད་གྲབས་ཀྱི་དངུལ་བུན་སྒོར་ཁྲི20352.5བཏང་སྟེ་ཞིང་བའི་ཁྱིམ་ཚང3637ལ་ཕན་པ་ཐོབ་ཡོད་པ་རེད། ཁེ་ལས་བདེ་བླག་ངང་ལས་འགོ་བསྐྱར་ཚུགས་དང་བསྐྱར་དུ་ཐོན་སྐྱེད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་ཆེད། ཙོང་ཁ་རྫོང་གིས་ལས་རིགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་གྲངས་སྒོར་ཁྲི3480ཟིན་པའི་ཁྲོད།དངུལ་བུན་མ་རྩ་སྤྲད་མེད་པའི་མཐུད་བུན་དངུལ་གྲངས་སྒོར་ཁྲི900ཡིན་ལ། ཁེ་ལས་ཀྱི་དངུལ་བུན་དུས་བགོས་སྒོར་ཁྲི630ལེགས་སྒྲིག་བྱས་ཡོད་པ་རེད།

དེང་སྐབས། ཙོང་ཁ་རྫོང་གིས་ནུས་ཤུགས་ཡོད་རྒུས་མི་སྣ་སྒྲིག་འཛུགས་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་ལས་ར་དང་པོར་བསྐྱོད་དེ་ཁྲོམ་རའི་གནས་ཚུལ་དང་ཐོན་སྐྱེད་ཀྱི་དུས་བབ་སྔ་ཙམ་རྒྱུས་ལོན་བྱེད་པ་དང་། ཡིག་ཚགས་བཟོ་བའི་ཞིང་བའི་ཁྱིམ་ཚང་ལ་སྔོན་གྲབས་འཕྲིན་ཡིག་བསྐུར་ནས་ཞིང་བའི་ཁྱིམ་ཚང27376གི་ཆ་འཕྲིན་ཡིག་ཚགས་བསྡུ་རུབ་བྱས་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།