འཛད་སྤྱོད་ཁེ་དབང་སྲུང་སྐྱོང་སྐོར་གྱི་འགྱུར་དང་མི་འགྱུར།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་བཅུ་ནི་མིག་རྡེབ་དབང་ཙམ་གྱིས་ཕར་བསྐྱལ་ལ། དེའི་རིང་དུ་མི་དང་དོན་དག་ལ་འགྱུར་ལྡོག་མང་པོ་ཞིག་བྱུང་ཡོད་པ་མ་ཟད། ལོ་བཅུའི་ཡར་སྔོན་གྱི3.15ཉིན་ལ་མི་རྣམས་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་བའི་ཁྱབ་ཁོངས་དང་། ལོ་བཅུའི་རྗེས་ཀྱི་དོ་སྣང་བྱེད་ས་གཙོ་བོ་གང་ཡིན་ལ་ཡང་འགྱུར་བ་བྱུང་ཡོད། འདིར་དུས་རབས་གསར་པའི་འགྱུར་ལྡོག་གསར་པའི་ལམ་ཁ་འདོང་བཞིན་པའི《ནུབ་མཚོ་གྲོང་ཁྱེར་ཚགས་པར》གྱིས་དེའི་རིང་གི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལ་ཕྱིར་དྲན་ཞིག་བྱས་ན་འགྱུར་དང་མི་འགྱུར་ཕྱོགས་གཉིས་འདུག་སྟེ།

འགྱུར་བ་དང་པོ།

ཁྱིམ་སྤྱོད་གློག་ཆས་ནས་ཁྱིམ་སྤྱོད་ཡོ་ཆས་བར་གྱི་འགྱུར་ལྡོག

ལོ་ངོ་བཅུའི་ཡར་སྔོན་གྱི་ཟླ་བ་གསུམ་པར། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སྤྱི་ཚོགས་ཡོངས་ལ2009ལོའི་རང་ཞིང་གི་ཞུ་གཏུག་གྱོད་དཔེ་བཅུ་ཡོངས་བསྒྲགས་བྱས་ལ། གྱོད་དཔེའི་ནང་དོན་གཙོ་བོ་ཞིང་སྤྱོད་དངོས་ཟོག་དང་། བརྙན་འཕྲིན་ཉོ་སྒྲུབ། རླངས་འཁོར། གདོང་བྱད་མཛེས་བཟོ་དང་ཁྱིམ་སྤྱོད་གློག་ཆས་སོགས་རེད། དེ་དང་ད་ལྟའི་འཛད་སྤྱོད་པའི་ཞུ་གཏུག་གི་གནས་ཚུལ་དང་བསྡུར་ན་འགྱུར་ལྡོག་མངོན་གསལ་བྱུང་འདུག

དཔེར་ན་ཁྱིམ་སྤྱོད་གློག་ཆས་ལྟ་བུ། 2009ལོར་ཁྱིམ་སྤྱོད་གློག་ཆས་ཉོས་རྗེས་ཀྱི་ཞབས་ཞུ་ལ་འཛད་སྤྱོད་པས་དང་ལེན་བྱེད་ཁག་པོར་གྱུར། དེ་བཞིན་དུ་ལོ་བཅུའི་རྗེས་སུ་ཉིན་རྒྱུན་གྱི་ཉེར་མཁོའི་ཚོང་རྫས་རིགས་ལས་ཁྱིམ་ཆས་ཉོས་རྗེས་ཀྱི་ཞབས་ཞུ་གནད་དོན་དེ་གནད་དོན་ཀུན་གྱི་གཙོ་བོར་གྱུར་བ་བཞིན་གློག་ཆས་ནས་ཁྱིམ་ཆས་སུ་འགྱུར་བའི་བར་དུ་ཆ་འཕྲིན་འབོར་ཆེན་ཞིག་ཉར་ཡོད། ལོ་བཅུའི་ཡར་སྔོན་གྱི3·15ཉིན་ལ། 《ནུབ་མཚོ་གྲོང་ཁྱེར་ཚགས་པར》གྱི་གསར་འགོད་པས་གསར་འགྱུར་ཞིག་ཏུ། བརྙན་འཕྲིན་དང་འཁྱགས་སྒམ། འཁྲུད་ཆས་སོགས་ད་ལྟ་མི་རྣམས་ཀྱི་ཁྱིམ་དུ་སྤྱོད་མཁན་ཇེ་མང་ནས་ཇེ་མང་ཡིན་མོད། གློག་ཆས་དེ་དག་ཆག་སྐྱོན་སོགས་བྱུང་སླ་བས་ཉོས་རྗེས་ཀྱི་ཞབས་ཞུ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་བཀོད་ཡོད། 2006ལོའི་ཟླ2པར་འཛད་སྤྱོད་པ་ལི་ཆེ་གེ་མོས་འཁྱགས་སྒམ་ཞིག་ཉོས་རྗེས་སྔ་གཞུག་ཏུ་ཐེངས་ལྔ་ལ་ཞིག་གསོ་བྱས་ཡང་སྤྱོད་གོ་མ་ཆོད། ཕྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཛད་སྤྱོད་པའི་མཐུན་ཚོགས་སུ་ཡར་ཞུ་ཐོག་གྲོས་ཞིབ་ཐེངས་མང་བྱས་རྗེས། 2009ལོའི་ཟླ3པར་ལི་ཆེ་གེ་མོའི་ལོ་གསུམ་རིང་གི་དཀའ་གནད་དེ་ད་གཟོད་གཞི་ནས་ཐག་གཅོད་ཐུབ་པ་བྱུང་།

ད་ལྟ་ཁྱིམ་སྤྱོད་གློག་ཆས་ཀྱི་ལག་རྩལ་ཇེ་ལེགས་ཇེ་མཐོ་ཡིན་པ་དང་། དེ་བཞིན་རྒྱུ་སྤུས་དང་ཉོས་རྗེས་ཀྱི་ཞབས་ཞུ་ཡང་ཧ་ཅང་ཞིབ་ཆ་དོད་པས་བཀོལ་བདེ་བོ་ཡོད། ཡིན་ན་ཡང་ད་ལྟ་ཁྱིམ་ཆས་ཐད་ཀྱི་རྒྱུ་ཆ་དང་སྒྲིག་བཟོ་ཙབ་ཙོབ་ཅན་ཤས་ཆེ་ཞིང་། དུག་ཅན་གྱི་ཚོན་རྩི་ཀ་བའི་ཚད་གཞི་འདའ་བ། དེ་མིན་ཚོང་བས་གན་རྒྱའི་གཏན་འཁེལ་བྱས་པའི་དུས་བཅད་ལྟར་བསྐྱལ་མི་ཡོང་བ། སྒྲིག་སྦྱོར་བྱས་རྗེས་མངག་ཉོའི་འདྲ་པར་དང་གཅིག་འདྲ་མིན་པ། ཞིག་གསོ་དགོས་ཚེ་དུས་ལྟར་ཞིག་གསོ་མི་བྱེད་པ་མ་ཟད། འོས་སུ་བབ་པའི་“འགན་ལེན་གསུམ”གྱི་འགན་དེ་མི་ཁུར་བ་ལ་སོགས་ནས་འཛད་སྤྱོད་པས་ཞུ་གཏུག་མང་པོ་བྱུང་ཡོད།

འགྱུར་བ་གཉིས་པ།

བརྙན་འཕྲིན་ཉོ་སྒྲུབ་ནས་དྲ་རྒྱའི་ཉོ་སྒྲུབ་བར།

2009ལོར་རང་ཞིང་གི་ཞུ་གཏུག་གྱོད་དཔེ་ཆེན་པོ་བཅུའི་ཁྲོད། གཉིས་ནི་བརྙན་འཕྲིན་ཉོ་སྒྲུབ་དང་འབྲེལ་བའི་གྱོད་དཔེ་གཉིས་རེད། གཅིག་ནི་ཁྲི་ཀ་རྫོང་ནས་བྱུང་བ་ཡིན། ཞིང་གྲོང་གི་ཞིང་པ་ཞིག་གིས་བརྙན་འཕྲིན་བརྒྱུད་སྒོར2000བཏང་ནས་ཕག་གཉིས་ཉོས་རྗེས། ཡང་བསྐྱར་སྒོར600ཡི་རླངས་འཁོར་ཞིག་གླས་ནས་ཟི་ལིང་གནམ་ཐང་དུ་ལེན་དུ་སོང་མཐར། ལག་སྟོང་མཆིན་ལ་བཙར་ནས་ཕྱིར་ཁྱིམ་དུ་ལོག ཁྲི་ཀ་རྫོང་འཛད་སྤྱོད་པའི་མཐུན་ཚོགས་ལ་ཞུ་གཏུག་འབྱོར་རྗེས། སྤྱི་བདེ་ལས་ཁུངས་ཀྱིས་རོགས་རམ་འོག་ཚོང་བ་རྙེད་དེ་མ་དངུལ་ཡོངས་ཕྱིར་སློག་ཏུ་བཅུག

ལོ་དེར་འཛད་སྤྱོད་པ་སྐྱེས་མ་མཱ་ཡིས་བརྙན་འཕྲིན་བརྒྱུད་ནས“ཏཱ་ཁྲང་ཅན”(“大长今”)རྟགས་ཅན་གྱི་ངོ་སྣུམ་ཉོས་ཤིང་། ཐོན་རྫས་ལག་ཏུ་འབྱོར་རྗེས་བརྙན་འཕྲིན་དུ་བཤད་པ་དང་མི་འདྲ་བར་ངོ་སྣུམ་ཤེལ་དམ4ཆད་འདུག གནད་དོན་དེ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཐག་གཅོད་བརྒྱུད་བཙོང་མཁན་ཕྱོགས་ཀྱིས་གཟའ་འཁོར་གཅིག་ནང་ཤེལ་དམ4བསྐུར་ཐོན་པ་མ་ཟད། ཁ་པར་བཏང་ནས་དགོངས་དག་ཞུས་བྱུང་བ་རེད།

ལོ་བཅུའི་རྗེས་སུ། བརྙན་འཕྲིན་ལས་ཉོ་སྒྲུབ་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་དང་། དྲ་རྒྱའི་ཉོ་སྒྲུབ་རྒྱུན་ལྡན་དུ་གྱུར། དངོས་ཟོང་ཉོ་སྒྲུབ་དྲ་ཚིགས་ནས་སྐད་འཕྲིན་ཚོང་སྟེགས། དེ་ནས་སྐད་འཕྲིན་ཚོམས། གྲོགས་ཚོམས་སོགས་དྲ་རྒྱའི་ཉོ་སྒྲུབ་ག་ས་གང་དུ་དར་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས་ ཞུ་གཏུག་བྱེད་མཁན་ཡང་ཉིན་རེར་ཇེ་མང་དུ་གྱུར། ལྷག་པར“བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན”དང“བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན”གྱི་བྲིན་རྒྱུག་ཆེ་བའི་དྲ་ཚོང་གི་དུས་བཟང་དེ་ནི་ཞུ་གཏུག་བྱེད་མཁན་ཆེས་ཛ་དྲག་ཆེ་བའི་སྐབས་ཤིག་རེད།

གཞི་གྲངས་གསར་ཤོས་ལྟར་ན། ཟླ1ཚེས24ཉིན་ནས་ཟླ3ཚེས13ཉིན་བར་མཚོ་སྔོན་དུ་སྐད་འཕྲིན་གྲོགས་ཚོམས31ནས་རིམས་འགོག་མཁོ་ཆས་འཚོང་བའི་ཞུ་གཏུག12315འབྱོར་ཞིང་། གཙོ་བོ་ཁ་ཐུམ་དང་དྲོད་གྲང་དཔྱད་ཆས་རེད་ལ། ཚོང་མཁན་ཕྱོགས་ཀྱིས་ཐོན་རྫས་རྫུན་མའི་འགན་དང་། “ཉིན་བདུན་རིང་གི་ཚོང་ཟོག་ཕྱིར་སློག་གི་འགན་”སོགས་མི་འཁུར་བ་མ་ཟད། འཛད་སྤྱོད་པས་ཉོས་རྗེས་སུ་ལམ་སང“ཡིབ་ནས་གར་སོང་མི་ཤེས་པ”སོགས་ཀྱི་གནད་དོན་བྱུང་བ་རེད།

དྲ་རྒྱའི་དུས་རབས་སུ། མི་རྣམས་ཀྱི་ཞུ་གཏུག་བྱེད་ཐབས་ལ་འགྱུར་བ་བྱུང་ནས་ཁ་པར་མ་གཏོགསAPPདང་དྲ་ཚིགས། སྐད་འཕྲིན་སོགས་ཀྱི་ལམ་ནས་ཞུ་གཏུག་བྱེད་ཐུབ་ཀྱི་ཡོད་ལ། དཔེར་ན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཀྱང་ཏོའུ་ཡན་འཕྲིན་ལམ་ནས་འཛད་སྤྱོད་པས་ཞུ་གཏུག་དང་ལེན་བྱེད་ཀྱི་ཡོད་པ་ལྟ་བུ་རེད།

འགྱུར་བ་གསུམ་པ།
ཉེ་བའི་ལོ་རིང་གི་འཛད་སྤྱོད་པས་ཞུ་གཏུག་ཆེས་ཚ་ཤོས་སུ་གྱུར་ཡོད་པའི་བཟའ་བཏུང་ཞབས་ཞུ་སྐོར།

སྔོན་ཆད། ཕྱི་ནས་ཟ་མ་རོལ་མཁན་མང་པོ་མེད། 2009ལོའི་ཞུ་གཏུག་གྱོད་དཔེ་ཆེན་པོ་བཅུའི་ནང་དུ་བཟའ་བཏུང་ཞབས་ཞུའི་ཐད་ཀྱི་ཞུ་གཏུག་ཤིན་ཏུ་ཉུང་། ད་ལྟ་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། བཟའ་བཏུང་ཞབས་ཞུ་འདྲ་མིན་སྣ་ཚོགས་བྱུང་ནས་ཕྱི་ལོགས་ཀྱི་བཟའ་བཏུང་ལ་རོལ་མཁན་ཇེ་མང་དུ་སོང་བ་དང་། ཟས་རིགས་དང་ཞབས་ཞུའི་ཚད་གཞི་དང་རེ་བ་ཡང་ཇེ་མཐོར་སོང་། ད་ལོའི་ཟླ3ཚེས5ཉིན་ནས་ཚེས11ཉིན་བར་དུ། ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་བཟའ་བཏུང་འཛད་སྤྱོད་ཐད་ནས་རྟོག་ཞིབ་བྱས་ཤིང་། བརྟག་དཔྱད་དྲི་ཤོག8906ལ་འཛད་སྤྱོད་པས་ལན་ཆ་བྱུང་ལ། དེའི་ནང་ཆ་སྙོམས་ཀྱི་གཟའ་རེའི་ཕྱི་ཟས་རོལ་ཐེངས་གཉིས་ལས་བརྒལ་བའི་འཛད་སྤྱོད་པ64.4%ཡོད་པ་དང་། ཐེངས་བཞི་ལས་བརྒལ་བའི་འཛད་སྤྱོད་པས8.1%ཟིན་པ་རེད།

དེ་བས་བཟའ་བཏུང་ཞབས་ཞུའི་ཐད་ཀྱི་ཞུ་གཏུག་དེ་ཉེ་བའི་ལོ་རིང་གི་འཛད་སྤྱོད་པའི་ཞུ་གཏུག་ཚ་ཤོས་སུ་གྱུར། 2019ལོར་འཛད་སྤྱོད་པའི་བཟའ་བཏུང་ཞབས་ཞུ་ཐད་ཀྱི་ཞུ་གཏུག་ཆེས་མང་ས་ནི་བཟའ་བཅའི་རྒྱུ་ཆ་སོས་པ་མིན་པ་དང་། མ་མཐའི་འཛད་སྤྱོད་ཀྱི་ཚད་ཐིག་བཟོས་པ། ཁོར་ཡུག་འཕྲོད་བསྟེན་ཞན་པ། ཞབས་ཞུ་བའི་རྣམ་འགྱུར་བཙོག་པ་ལ་སོགས་རེད།

2019ལོའི་ཟླ3ཚེས21ཉིན། ཁྲི་ཀ་རྫོང་གི་གོ་རེ་ཚོང་ཁང་ཞིག་གིས་དུས་འདའ་བའི་ཟས་རིགས་སྦྱོར་རྟས་བཟའ་ཆས་ཐོན་སྐྱེད་དང་ལས་སྣོན་བྱས་པ་རྫོང་དེའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྱོད་གཞི་རྩད་བཅད་དེ་སྒོར51000ཡི་ཉེས་ཆད་བཅད། 2020ལོའི་ཟླ2ཚེས1ཉིན་ནས་ཟླ3ཚེས2ཉིན་བར་ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་སྡེ་ཚན་དང་རིམ་པ་ཁག་གི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་གྱོད་གཞི337དང་ལེན་བྱས་པ་དང་། བཟའ་ཆས་རིགས་ཀྱི་ཞུ་གཏུག118དང་ལེན་བྱས་པ་ཞུ་གཏུག་ཡོངས་ཀྱི35%ཟིན་ལ། ཞུ་གཏུག་གི་ནང་དོན་གཙོ་བོ་སྔོ་ཚད་ཀྱི་རིན་གོང་མཐོ་དྲག་པ་དང་། བཟའ་ཆས་རྙིང་རུལ་དུ་གྱུར་པ། བཟའ་ཆས་དུས་འདའ་བའི་གནད་དོན་སོགས་རེད།

འཛད་སྤྱོད་གསར་པའི་དུས་རབས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལ་གནད་དོན་དང་འགྲན་རྩོད་གསར་པ་འཕྲད།

འདས་པའི་ལོ་བཅུའི་རིང་ལ་ང་ཚོ་ཐུན་མོང་གི་ཚོར་བ་ཞིག་ནི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཇེ་ཆེར་འགྲོ་བཞིན་པ་དང་། འཚོ་བའི་ཕྱོགས་སོ་སོ་འཛད་སྤྱོད་དབང་སྲུང་དང་དམ་པོར་འབྲེལ་ཡོད་པ་སོགས་མི་སྒེར་གྱི་ཁེ་ཕན་ལས་གཞན་ད་དུང་ལ་རྒྱ་དང་སྤྱི་ཚོགས་འདྲ་མཉམ་ལ་ཡང་འབྲེལ་བ་དམ་པོ་ཡོད་པ་དེ་རེད།

“ད་ལོར་འཛད་སྤྱོད་ཁེ་དབང་སྲུང་བའི་ལོའི་བརྗོད་བྱ་ནི‘ཁྱེད་དང་ང་ཡི་སྟོབས་ཤུགས་གཅིག་བསྡུ’ཞེས་པ་ཡིན་པས་འཛད་སྤྱོད་དབང་སྲུང་གི་བསམ་བློར་འགྱུར་བ་བྱུང་ཡོད། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཁྲེན་ཡན་གྱིས་འདི་སྐད། དུས་རབས་གསར་པའི་ནང་འཛད་སྤྱོད་ཀྱི་རིམ་པ་ཉིན་རེར་ཇེ་མཐོར་འགྲོ་བ་དང་། ཁྱབ་ཁོངས་དང་རྣམ་པ། ཚན་རྩལ་སོགས་གསར་ཤོས་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་བྱུང་དང་འབྱུང་བཞིན་པ་དང་། འཛད་སྤྱོད་པའི་དགོས་མཁོ་ཡང་རང་གཤིས་ཅན། སྣ་མང་ཅན། སྤུས་ཚད་ཅན་དུ་འགྱུར་བཞིན་ཡོད་པས། དེ་བསྟུན་གྱི་གནད་དོན་གསར་པ་དང་། འགྲན་རྩོད་གསར་པ་ཡང་མང་པོ་ཞིག་ཡོང་གི་ཡོད་པ་རེད། ཁེ་དབང་སྲུང་སྐྱོང་ལ་ཐོད་རྒལ་གསར་པ་ཞིག་དགོས་ན་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ལ། མ་ལག་ཆ་ཚང་བཙུགས་ནས་འཛད་སྤྱོད་ཀྱི་ཁེ་དབང་སྲུང་བའི་འཕྲིན་སྟེགས་ཀྱི་མཉམ་གྲོས་མཉམ་བཅོས་མཉམ་སྤྱོད་ལ་ནུས་པ་འདོན་དགོས་པ་ཡིན་ཟེར།

ཉེ་བའི་ལོ་འདི་འགར། རང་ཞིང་གི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཁེ་དབང་སྲུང་སྐྱོང་གི་ཐད་ལ་ཐོད་བརྒལ་གསར་པ་མང་པོ་བྱུང་ཡོད། འཛད་སྤྱོད་ཀྱི་སློབ་གསོའི་འཁྲིད་སྟོན་ལ་ཤུགས་བསྣན་ཏེ། རིགས་མི་གཅིག་པའི་འཛད་སྤྱོད་པར་དེ་བསྟུན་གྱི་སློབ་གསོ་ཚད་དང་རིན་པ་བཏང་ནས་འཁྲིད་སྟོན་ཡག་པོ་བྱས། དཔེར་ན་འཛད་སྤྱོད་པ་རྒན་གྲས་ཀྱིས་བདེ་སྲུང་ཐོན་རྫས་ཉོ་སྒྲུབ་ཐད་ཁྲིད་སྟོན་དང་། སློབ་ཆེན་སློབ་མས་དངུལ་རྩའི་ཉོ་སྒྲུབ་ཐད་ལ་ཁྲིད་སྟོན་བྱས་པ་ལྟ་བུ་རེད། ལྟ་སྐུལ་ལ་ཤུགས་བསྣན་ཏེ། འདྲི་ཤོག་བརྟག་དཔྱད་དང་། གཤིབ་བསྡུར་ཚོད་ལྟ། འཛད་སྤྱོད་མྱོང་ལེན། འཛད་སྤྱོད་ཞིབ་དཔྱད་ལ་སོགས་བརྒྱུད་ནས་འཛད་སྤྱོད་པ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ཁྲོད་དུ་ཞུགས་སུ་བཅུག་པ་ལྟ་བུ། གཞན་ཁེ་དབང་སྲུང་སྐྱོང་གི་ལམ་ཁ་ཡངས་པོར་ཕྱེས་ཏེ། ཁེ་དབང་སྲུང་སྐྱོང་གི་ཁྱབ་ཁོངས་རྒྱ་བསྐྱེད་ཅིང་། དུས་ཐོག་ཏུ་འཛད་སྤྱོད་པར་དྲན་སྐུལ་དང་ཉེན་བརྡ་བཏང་བ་ལྟ་བུ། ཁྱིམ་སྤྱོད་རླངས་འཁོར་གྱི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ཀུན་ཕན་ཁེ་དབང་སྲུང་སྐྱོང་གི་དཔུང་སྟོབས་ཇེ་ཆེར་བཏང་བ་དང་། ཆེད་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་རོགས་བྱེད་པ་ལྟ་བུའི་ལས་མང་པོ་སྤེལ་ལ། དེ་བཞིན་དུ་ད་ལོར་ཨར་ལས་རྒྱུ་ཆ་དང་ཁྱིམ་ཆས་ཕྱོགས་ཀྱི་ཆེད་ལས་ཨུ་ཡོན་ལྷན་ཁང་ཡང་གཟུགས་རྒྱུའི་འཆར་གཞི་ཡོད་པ་རེད།

མི་འགྱུར་བ་གཅིག

ཁྱིམ་སྤྱོད་རླངས་འཁོར་ཉོས་རྗེས་ཀྱི་ཞབས་ཞུ་ནི་དུས་ད་ལྟའི་བར་སེལ་ཐུབ་བྲལ་བའི་གནད་དོན་ཏུ་གྱུར།

ལོ་བཅུའི་རིང་ལ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ནང་དོན་ལ་འགྱུར་བ་ཆེན་པོ་བྱུང་མོད། མི་འགྱུར་ས་ཡང་འདུག དཔེར་ན་ཁྱིམ་སྤྱོད་རླངས་འཁོར་ཉོས་རྗེས་ཀྱི་ཞབས་ཞུ་ལྟ་བུ། ལོ་བཅུའི་ཡར་སྔོན་ལ། མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་རླངས་འཁོར་ཉོ་མཁན་ཡང་ཇེ་མང་དུ་སོང་ལ། རླངས་འཁོར་ཐད་ཀྱི་ཞུ་གཏུག་ཞུ་མཁན་མངོན་གསལ་ཇེ་མང་དུ་སོང་། ལོ་བཅུའི་རྗེས་སུ་གནད་དོན་དེ་སྔར་བཞིན་འཛད་སྤྱོད་པ་རྣམས་ཀྱི་མགོ་ན་ས་ཞིག་ཏུ་གྱུར་ཡོད།

2010ལོའི་ཟླ3པར། 《ནུབ་མཚོ་གྲོང་ཁྱེར་ཚགས་པར》གྱིས་སྤེལ་བའི་གསར་འགྱུར་དུ་རླངས་འཁོར་ཐད་ཀྱི་ཞུ་གཏུག་མི་ཉུང་བ་ཞིག་འབྱོར་བའི་གནད་དོན་ལ་སྤྱི་སྡོམ་ཞིག་བྱས་པ་ནི། དཔེར་ན་4Sལ་གྲོན་དངུལ་གང་བྱུང་དུ་ལེན་པ་དང་། དུས་ལྟར་དུ་རླངས་འཁོར་གྱི་འགྲོ་ལུགས་མི་སྒྲུབ་པ། རླངས་འཁོར་ཞིག་གསོ་ཐེངས་མང་བྱས་ཀྱང་རྒྱུན་ལྡན་བཞིན་སྤྱོད་མི་ཐུབ་པ། རླངས་འཁོར་བྲིན་འཚོང་གི་གོ་རིམ་ཁྲོད་དུ་ཚད་ལྡན་མིན་པའི་གནས་ཚུལ་འབྱུང་གིན་ཡོད་པ། རླངས་འཁོར་ཉོས་རྗེས་ཀྱི་ཁས་ལེན་དང་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི“འགན་ལེན་གསུམ”གྱི་འགན་མི་འཁུར་བ། ཉོས་རྗེས་ཀྱི་ཞིག་གསོ་བའི་ལག་རྩལ་ཞན་པ། ཞབས་ཞུ་རྣམ་འགྱུར་ཧ་ཅང་སྡུག་པ། ཞིག་གསོར་མཁོ་བའི་ལྷུ་ལག་མི་འདང་བ། ཉོས་རྗེས་ཀྱི་སྐྱིན་ཚབ་ལེན་ཁག་པོ་ཡིན་པ་ལ་སོགས་ཀྱི་གནད་དོན་མཆིས།

2019ལོའི་ཞུ་གཏུག་གི་ཁྲོད་ཆེས་མང་བ་ནི་ཁྱིམ་སྤྱོད་རླངས་འཁོར་རིགས་ཀྱི་ཞུ་གཏུག་རེད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཁྱིམ་སྤྱོད་རླངས་འཁོར་རིགས་ཀྱི་ཞུ་གཏུག618དང་ལེན་བྱས་ལ། དེ་ནི་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན44%ཡི་ཇེ་མང་དུ་སོང་། གཙོ་བོ་ཁྱིམ་སྤྱོད་རླངས་འཁོར་དང་ཉེར་མཁོའི་ལྷུ་ལག་གི་རྒྱུ་སྤུས། གན་རྒྱ། ཉོས་རྗེས་ཀྱི་ཞབས་ཞུའི་ཕྱོགས་རེད།

2019ལོའི་ཟླ12ཚེས17ཉིན། འཛད་སྤྱོད་པ་སྐུ་ཞབས་ཝང་གིས་ཞུ་གཏུག་བྱས་དོན། ཁོས་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི4Sཞིག་ནས་ཉོས་པའི་རླངས་འཁོར་ལ་དོན་རྐྱེན་བྱུང་རྗེས། ཉོས་རྗེས་ཞིག་གསོ་ཞབས་ཞུ་ཕྱོགས་ཀྱིས་ཁོ་ལ་མོས་འཐད་ཡོད་མེད་ཀྱི་སྐད་ཆ་མི་འདྲི་བར་ཐད་ཀར་རླངས་འཁོར་ཉམས་གསོ་བྱས་པ་མ་ཟད། བཙན་གྱིས་ཁོའི་ལག་ནས་རིན་པ་བླངས་ཟེར། ཤར་ཐང་བཟོ་ལས་གླིང་ཁུལ་གྱི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་དོན་དག་དེར་བརྟག་དཔྱད་ཞིབ་བསྡུར་བྱས་རྗེས། སྐུ་ཞབས་ཝང་གིས་སྤུས་ཚད་འགན་ལེན་གྱི་ཁྱབ་ཁོངས་སུ་མི་འདུ་པའི་ལྷུ་ལག་བརྗེ་གསོར་གྱི་རིན་པའི་འགན་མ་གཏོགས་འཁུར་མི་དགོས་པར་ཐག་བཅད།

མི་འགྱུར་བ་གཉིས་པ།

གཞིས་ཁུལ་ཞབས་ཞུ་ཁང་གི་གཞིས་ཁུལ་ཞབས་ཞུར་ཤུགས་ག་འདྲ་བརྒྱབ་ཀྱང་འབྲས་བུ་མི་ལོན།

སྡོད་ཁུལ་གྱི་ཁང་བདག་ནི་བདག་པོ་ཡིན་ཞིང་། གཞིས་ཁུལ་ཞབས་ཞུ་ཀུང་སི་ནི་སྡོད་ཁུལ་གྱི་དོ་དམ་པ་ལྟ་བུ་རེད། བདག་པོ་དང་དོ་དམ་པ་གཉིས་སུ་ཡིན་ཡང་ཁ་འཆམ་ཞེ་མཐུན་ངང་ནས་འབྲེལ་བ་འཛིན་འདོད་མོད་འཚོ་བ་ནི་ནམ་ཡིན་ཡང་འགལ་ཟླའི་ཁྲོད་ནས་བསྐྱལ་དགོས་པ་ཞིག་རེད།

ཟི་ལིང་གྲོང་ཁྱེར་གྱི12315སྐུད་ལམ་གྱིས་དང་ལེན་བྱས་པའི་ཞུ་གཏུག་ལ་དབྱེ་ཞིབ་བྱས་པ་ལས་མངོན་པ་ནི། 2009ལོར། གཞིས་ཁུལ་ཞབས་ཞུའི་ཕྱོགས་ཀྱི་རྩོད་གཞི་ལ་ཁང་ས་གསར་སྤེལ་ཕྱོགས་ཀྱིས་བསྐྱར་བའི་གནད་དོན། གཞིས་ཁུལ་དོ་དམ་ཞབས་ཞུའི་རྒྱུ་སྤུས་མི་ལེགས་ཤིང་གྲོན་བསྡུ་ལུགས་མཐུན་མིན་པ། སྡོད་ཁུལ་གྱི་ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱི་དོ་དམ་ཁོངས་གཏོགས་དང་ཕན་ཁེ་གསལ་བོ་མིན་པ་བཅས་ཀྱི་རྩོད་གཞི་ཆེ་ཤོས་རིགས་གསུམ་ཡོད་པ་རེད།

2009ལོར་ཟི་ལིང་གྲོང་ཁྱེར་དུ་གཞིས་ཁུལ་དོ་དམ་གྱི་ཐོབ་ཐང་ཅན་ཁེ་ལས180ལྷག་ཡོད་ཅིང་། དེར་ས་ཁང་གསར་སྤེལ་ཀུང་སིའི་ཟུར་གཏོགས་དང་ལས་ཁུངས་བདག་གཉེར་ལ་སོགས་ཀྱི་རྣམ་པར་གཉེར་བའི་གཞིས་ཁུལ་ཞབས་ཞུ་ཀུང་སི་མི་འདུ་ལ། གཞིས་ཁུལ་ཞབས་ཞུ་ཀུང་སི་མང་ཤོས་ལ་གྲོན་བསྡུའི་དཀའ་ངལ་འཕྲད། དེ་དུས་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་ལས་བྱེད་པས་བཤད་རྒྱུར། ས་ཁང་གསར་སྤེལ་ཕྱོགས་ཀྱི་ཟུར་གཏོགས་གཞིས་ཁུལ་ཞབས་ཞུ་ལ་གནད་དོན་མང་ཞིང་། གཞིས་ཁུལ་ཞབས་ཞུ་དོ་དམ་ཁེ་ལས་ལ་མཚོན་ན“མ་གཞི་ནས་ནུས་ཞན་པའི”རྐྱེན་ཡང་ཡིན་སྲིད་ལ། ལྷག་པར་ཁང་བདག་མང་ཤོས་ཀྱིས་རང་གི་དབང་ཆ་དང་འོས་འགན་གསལ་བོ་ངེས་ཐུབ་མེད་པ་དེ་ནི་གཞིས་ཁུལ་ཞབས་ཞུ་ཀུང་སིའི་དོ་དམ་ལ་འཕྲད་པའི་དཀའ་ཁག་ཅིག་རེད།

ལོ་བཅུ་ཡི་རིང་འདི་ལ་ཟི་ལིང་གི་གཞིས་ཁུལ་ཞབས་ཞུ་ཀུང་སི་ལྔ་བརྒྱ་ནས་དྲུག་བརྒྱ་ལྷག་ཙམ་ལ་འཕར་འདུག སུན་ཧུའེ་ནི་ཟི་ལིང་གྲོང་ཁྱེར་ཅིན་ཧྲེང་གཞིས་ཁུལ་ཞབས་ཞུ་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཡིན་ཞིང་། ཟི་ལིང་ནས་གཞིས་ཁུལ་ཞབས་ཞུ་ཁང་གི་བྱ་བ་གཉེར་ནས་ལོ་བཅུ་འགོར། ཁོས་བལྟས་ཡོང་ན། ལོ་བཅུའི་སྔོན་ལ། ཁང་བདག་གིས་དོ་སྣང་བྱེད་ས་ནི་གཞིས་ཁུལ་ཞབས་ཞུ་དང་གྲོན་བསྡུའི་གནད་དོན་རེད། ད་ལྟ་ཞུ་གཏུག་གི་གནད་དེ་སྔར་བཞིན་གཞིས་ཁུལ་ཞབས་ཞུའི་ཕྱོགས་ཡིན་ཡང་། རླངས་འཁོར་འཇོག་ས་ནི་གནད་དོན་གསར་པ་ཞིག་རེད་ཟེར།

གཞིས་ཁུལ་ཞབས་ཞུའི་ཐད་ལ་སུན་ཧུའེ་ཡིས་ལོ་བཅུའི་སྔོན་གྱི་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་ལས་བྱེད་པའི་ལྟ་བར་བསྟོད་བསྔགས་བྱེད་ཞོར། ཁང་བདག་མང་པོ་ཞིག་གིས་གཞིས་ཁུལ་ཞབས་ཞུར་ཆ་རྒྱུས་མེད་པ་དང་། རང་ཉིད་ཀྱི་དབང་ཆ་དང་འོས་འགན་གང་ཡིན་ལ་གསལ་ཆ་མེད་པ་རེད།

མི་འགྱུར་བ་གསུམ་པ།

གདོང་བྱད་མཛེས་བཟོ་སྐྲ་བཟོའི་སྐོར་གྱི་ཞུ་གཏུག་ཇེ་མང་ནས་ཇེ་མང་ཡིན་པ། ཡག་ལ་དགའ་བ་འཇིག་རྟེན་ཆོས་ཉིད་ཡིན། དུས་རབས་གང་གི་ཆར་གནས་ཀྱང་བུད་མེད་ལ་ནི་ཡག་ལ་དགའ་ཞིང་། ཡག་གི་ཆེད་དུ་མ་དངུལ་ཆེན་པོ་འདོར་ཐུབ་པས། གདོང་བྱད་མཛེས་བཟོ་སྐྲ་བཟོ་དང་འབྲེལ་བའི་འཛད་སྤྱོད་པའི་ཞུ་གཏུག་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད་པ་རེད།

2009ལོའི་ཟླ4པར། གསེར་ཆེན་རྫོང་གི་འཛད་སྤྱོད་པ་སྐྱེས་མ་ཝང་གིས་གདོང་བྱད་མཛེས་བཟོ་ཁང་ག་གེ་མོ་ཞིག་ལ་ངོ་གདོང་ཡག་བཅོས་བྱེད་དུ་སོང་བ་ན། གདོང་བྱད་མཛེས་བཟོ་ཁང་གིས་མོ་ལ་སྒོར980ཅན་གྱི་ངོ་སྣུམ་ཐོན་རྫས་ཤིག་འོས་སྦྱོར་བྱས་བྱུང་། སྐྱེས་མ་ཝང་གིས་ངོ་སྣུམ་དེ་བཀོལ་རྗེས་པགས་ཚད་ཚབས་ཆེན་བྱུང་ཞིང་། སྨན་ཁང་དུ་བསྟེན་པ་ན་ཚོར་ལོག་རང་བཞིན་གྱི་པགས་ཚད་ཡིན་པའི་ནད་ངོས་ཐག་བཅད་དེ་སྨན་ཡོན་སྒོར1000གིས་སྨན་བཅོས་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་གྲོས་འདུམ་འོག གདོང་བྱད་མཛེས་བཟོ་ཁང་དེས་སྐྱེས་མ་ཝང་གི་སྨན་བཅོས་འགྲོ་གྲོན་ཚང་མ། འགྲོ་འོང་གི་ལམ་རིན། སེམས་ཁྲལ་གུན་གསབ། ངོ་སྣུམ་གྱི་རིན་པ་སོགས་ཆ་ཚང་ཕྱིར་སློག་ནས་སྐྱིན་ཚབ་ཏུ་སྡོམ་པའི་སྒོར3980སྟབས་གཅིག་སྤྲད་པ་རེད།


2019ལོའི་ཟླ3པར། འཛད་སྤྱོད་པ་སྐྱེས་མ་དབྱང་གིས་རྐང་ཐང་ཁྲོམ་ལམ་ག་གེ་མོར་ཡོད་པའི་གདོང་བྱད་མཛེས་བཟོ་ཁང་ཞིག་ནས་དམར་ཤ་ལེན་པའི་ཞབས་ཞུ་ཉོ་སྒྲུབ་བྱས་ཤིང་། གདོང་བྱད་མཛེས་བཟོ་ཁང་གི་ཕྱོགས་ནས་ཞོར་སྐྱོན་ཅི་ཡང་མི་འབྱུང་བ་ཁག་ཐེག་བྱས་ཏེ་གྲོས་ཆིངས་བཞག མོ་ཕྱིར་ཁྱིམ་དུ་ལོག་རྗེས་གདོང་ལ་དམར་འབྲུམ་བྱུང་བས་གདོང་བྱད་མཛེས་བཟོ་ཁང་ལ་དེ་མུར་ཁ་པར་བཏང་ནས་འབྲེལ་བ་བྱས་ཀྱང་གནད་དོན་ཐག་གཅོད་མ་ཐུབ། ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྟོག་ཞིབ་དཔྱད་བསྡུར་བྱས་རྗེས། གདོང་བྱད་མཛེས་བཟོ་ཁང་དེར་འཛད་སྤྱོད་པ་ལོག་ལམ་དུ་འཁྲིད་པའི་གནད་དོན་ཡོད་ལ། ཕྱོགས་གཉིས་ཀྱི་གྲོས་འཆམ་བརྒྱུད་གདོང་བྱད་མཛེས་བཟོ་ཁང་གིས་སྐྱེས་མ་དབྱང་ལ་དམར་ཤ་ལེན་པའི་ཞབས་ཞུའི་རིན་པ་ཆ་ཚང་ཕྱིར་སློག །

ལོ་བཅུའི་སྔོན་དང་རྗེས་ཀྱི་ཞུ་གཏུག་ནང་དོན་ལ་འགྱུར་བ་བྱུང་མེད། ལོ་འདི་དག་གི་རིང་ལ། གདོང་དང་སྐྲ་ལོ་མཛེས་བཟོ་ཡི་ཁེ་དབང་སྲུང་སྐྱོང་སྐོར་གྱི་གྱོད་དཔེ་ཇེ་མང་ནས་ཇེ་མང་ཡིན་པ་དང་། མངགས་ཉོ་རང་བཞིན་གྱི་འཛད་སྤྱོད་དང་། ཡག་བཟོའི་བཟང་ངན། སྨན་བཅོས་ཀྱི་ཡག་བཟོའི་བདེ་འཇགས་ལ་སོགས་ནི་ཁྱབ་ཁོངས་དེའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཁྲོད་འཕྲད་པའི་དཀའ་ཁག་ཆེ་ཤོས་སུ་གྱུར་ཡོད། འདིར་རྒྱ་ཆེའི་མཛེས་དགའ་སྐྱེས་མ་རྣམས་ལ་ཞུ་རྒྱུ་ཞིག་ནི། ངེས་པར་དུ་ཚད་ལྡན་ཅན་གྱི་གདོང་བྱད་མཛེས་བཟོ་ཁང་དུ་སོང་ནས་ཡག་བཅོས་དང་སེམས་བདེའི་ཐོན་རྫས་འདེམས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ཁོན་ཐར་འཚོས་བསྒྱུར།