མཚོ་སྔོན་ཞིང་ཆེན་ཙོང་ཆུའི་འགྲམ་རྒྱུད་ནགས་རའི་རྒྱ་ཁྱོན2025ལོར་སླེབས་དུས་སྤྱི་ཆིང་ཁྲི16གིས་ཇེ་ཆེར་འགྲོ་རྒྱུ་ཡིན་པ།

རང་རེའི་དྲ་བའི་འཕྲིན།   གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།2025ལོར་སླེབས་སྐབས། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཅན་གྱི་ནགས་ར་གསུམ་གྱི་ཚོད་ལྟའི་གྲས་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་ཙོང་ཆུའི་འགྲམ་རྒྱུད་ཀྱི་ནགས་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི16མང་དུ་ཕྱིན་ནས། ནགས་ཚལ་ཁྱབ་ཚད་ད་ལྟའི20.4%ནས87%ལ་འཕར་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་རའི་འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི24ཟིན་པ་དང་། འཆར་འགོད་ས་ཁོངས་ནི་ཟི་ལིང་གྲོང་ཁྱེར་ཆུའུ་དང་། དེ་བཞིན་དེའི་ཁོངས་གཏོགས་སྟོང་སྐོར་དང་། ཙོང་ཁ་རྫོང་། རྟ་ཐང་གི་རྫོང་གསུམ། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུའུ་དང་། དམར་གཙང་དང་ཧོར་གྲོང་། གཞོང་ཐང་རྫོང་གཉིས་ཀྱི་ཙོང་ཆུ་དང་དེའི་ཡན་ལག་ཆུ་བོ་བཅས་ངོགས་གཉིས་ཀྱི་རི་བོ་ཡིན་པ་རེད། ལོ8རིང་འཛུགས་སྐྲུན་བྱས་པ་བརྒྱུད་མི་ཐབས་ལ་བརྟེན་ནས་ནགས་བཟོ་སྤྱི་ཆིང་ཁྲི16བྱ་རྒྱུ་དང་། ནགས་ཚལ་སྤྱི་ཆིང་ཁྲི19གསོ་སྐྱོང་བྱ་རྒྱུ། ཞན་འགྱུར་ནགས་ཚལ་སྤྱི་ཆིང་ཁྲི2.5ཉམས་གསོ་བྱ་རྒྱུ་བཅས་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་ར་བསྐྲུན་རྒྱུ་དེ་འཚེ་མེད་དང་ཐོན་འབབ་ཅན་དུ་འགྲོ་བ་དམིགས་ཚད་དུ་བྱས་ནས་སྒྲིག་གཞི་འཛུགས་པ་དང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ། འཆར་འགོད་བཟོ་བ། ཆེད་དོན་བུན་འཛིན་འགྲེམས་སྤེལ་བྱེད་པ། སྤྱི་ཚོགས་ཀྱི་ཞལ་འདེབས་འགུག་ཐབས་བྱེད་པ། ནགས་བཟོའི་ལམ་སྲོལ་གསར་གཏོད་བྱེད་པ་སོགས་ཞིབ་ཕྲའི་བྱ་ཐབས་སྤྱད་དེ་གཞི་ཁྱོན་ཅན་གྱི་ནགས་རའི་ནགས་ཚལ་ཐོན་ཁུངས་གཉེར་སྐྱོང་དོ་དམ་དང་། ནགས་ལས་མ་དངུལ་གཏོ་འཇོག་དང་མ་རྩ་བསྡུ་སྒྲིལ། ནགས་རའི་གཉེར་སྐྱོང་དོ་དམ་སྒྲིག་སྲོལ་ལམ་སྲོལ་བཅས་བཙུགས་ནས་ཀྲུང་གོའི་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་ནུབ་བྱང་ས་མཐོའི་སྐམ་ཤས་ས་ཁུལ་གྱི་གཞི་ཁྱོན་ཅན་གྱི་ནགས་ར་འཛུགས་སྐྲུན་གྱི་ཉམས་མྱོང་འཚོལ་ཞིབ་བྱ་རྒྱུ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།