ལིའུ་ཐའོ་ཡིས་སློབ་གསོའི་ཁོངས་གཏོགས་ཀྱི་ལས་གཞི་གལ་ཆེན་དག་གི་ལས་འགོ་བསྐྱར་འཛུགས་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།

རང་རེའི་དྲ་བའི་འཕྲིན། ཟླ3པའི་ཚེས་24ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་སློབ་གསོའི་ཁོངས་གཏོགས་ཀྱི་ལས་གཞི་གལ་ཆེན་ལས་འགོ་བསྐྱར་ཚུགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་ནུས་ཤུགས་ཡོད་རྒུས་སྤུས་ཚད་འགན་ལེན་དང་བདེ་འཇགས་འགན་ལེན་གྱི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ། དངོས་ཟོག་གི་གྲངས་འབོར་སྔར་ལས་མང་བ་ལེགས་སྒྲུབ་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ལིའུ་ཐའོ་དང་བཅས་པ་སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་གྱི་ཕྱོགས་བསྡུས་ལུས་རྩལ་ལྟེ་གནས་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཚོད་ལྟའི་དངོས་སྦྱོང་རྟེན་གཞི།། མཚོ་སྔོན་གཙང་གསུམ་ཆུ་འགོའི་མི་རིགས་སློབ་འབྲིང(དུས་ཐེངས་གཉིས་པ)ལས་གྲྭ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲ་སྒྲིག་ཚན་ཁག་གི་སློབ་གསོའི་རྟེན་གཞི་སོགས་ཨར་ལས་བྱ་ཡུལ་དུ་བསྐྱོད་དེ། ཡུལ་དངོས་སུ་ལས་གཞི་ཨར་ལས་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་གཟིགས་པ་དང་ལས་གཞི་ལ་སྐུལ་འདེད་གཏང་བའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་ངལ་ཡོད་པའི་གནད་དོན་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

ལིའུ་ཐའོ་ཡིས་མཚོ་སྔོན་ཞིང་ཆེན་གྱི“སྔོན་འགོག་གཉིས”ཀྱི་ཕན་འབྲས་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་ཆབས་ཅིག“གཙང་པོ་གཉིས”ཀྱི་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ། “དབྱེ་འབྱེད་གཉིས”ཀྱི་བླང་བྱའི་འཕེལ་རིམ་ཇེ་མགྱོགས་སུ་ཕྱིན་པ། “ཕྱིར་བསྐྱོད་གཉིས”གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། “དམིགས་ཚད་གཉིས”ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་རྒྱུན་གཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ཀྱི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད་ཅེས་བསྟན། ཁོས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་ད་ཆའི་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པར་གོ་བ་གཏིང་ཟབ་ལེན་པ་དང་། ད་ལྟའི་དུས་མཚམས་ཀྱི་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁོང་དུ་ཡང་དག་ཆུད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རིམས་ནད་འགོག་ཟོན་དང་། ལས་གཞི་སླར་གསོ། སློབ་འགོ་ཚུགས་ནས་སློབ་ཁྲིད་སླར་གསོ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། གོ་སྐབས་ཡག་པོ་དམ་འཛིན་བྱེད་པ། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ་བཅས་བྱས་ནས་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ལས་གྲྭའི་འཕེལ་རིམ་དང་སྤུས་ཚད་འགན་ལེན་བྱེད་པ་དང་དུས་མཚུངས་སྐྲུན་བཞིན་པའི་ལས་གཞི་ཡི་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མི་ཐོན་པ་བྱེད་དགོས། ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་དང་ཟུང་འབྲེལ་བྱས་ཏེ“སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག”གིས་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་འགོ་ཚུགས་པའི་ཇུས་གཞི་བཟོས་ཏེ། རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་བསྟན།

ལོ་ཙཱ་བ།རྟ་མགྲིན་དཔལ།