དགོན་ལུང་རྫོང་གིས་སྒོར་ཁྲི290ལྷག་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཞབས་འདེགས་ཞུས་པ།

རང་རེའི་དྲ་བའི་འཕྲིན་ལྟར་ན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གིས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཆེད་དོན་མ་དངུལ་སྒོར་ཁྲི290ལྷག་ཙམ་དོན་འཁྱོལ་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱས་པ་རེད།

དགོན་ལུང་རྫོང་གིས་དུས་ཐོག་ཏུ་སྤྱི་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཁ་པར་དུས་ཆད་བྱས་ནས་རོགས་སྐྱོབ་བྱེད་པ་སོགས་ཀྱི་ལས་དོན་ཡོངས་བསྒྲགས་བྱས་ནས། མང་ཚོགས་ལ་སྲིད་ཇུས་བློ་འདྲི་དང་ཁ་ཆད་བྱས་ནས་སྒྲུབ་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། མུ་མཐུད་སྤྱི་ཚོགས་རོགས་སྐྱོབ་ཀྱི“ཡིག་ཚགས་བཟོ་བའི”ཐབས་ལམ་ཤར་གཏོང་ཐུབ་པ་བྱས་པ་རེད། ཡུལ་ཚོ་དང་གྲོང་རྡལ་ཁག་གིས་རོགས་སྐྱོབ་ཐད་སྦྲེལ་ཁ་པར་ཤར་གཏོང་དང་དམངས་སྲིད་ཞབས་ཞུ་བྱ་ཡུལ་ལ་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། དམངས་སྲིད་ཀྱི་རིགས་ཁག་གི་དཀའ་ངལ་ཡོད་པའི་མང་ཚོགས་ལ“སྔ་མོ་ཤེས་རྟོགས་དང་ཟབ་ཞུགས། རོགས་སྐྱོར”བཅས་ཐུབ་པ་བྱས་ཡོད། ད་སྔའི་བར་རིམ་རྩིས་བྱས་ན་ཁ་པར་བརྒྱུད་སྲིད་ཇུས་གསལ་འགྲེལ་སོགས་མི་ཐེངས52མཁོ་འདོན་བྱས་ཤིང་གནས་སྐབས་རོགས་སྐྱོབ་མི་ཐེངས8སྒྲུབ་རྒྱུའི་ཁ་ཆད་བྱས་པ་རེད།

དེ་དང་ཆབས་ཅིག སྔོན་ལ་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པ་དང་། དེའི་རྗེས་ཡིག་ཚགས་ཀྱི་དཔྱད་གཞི་གསབ་སྒྲུབ་བྱེད་ཐབས་སྤྱད་དེ་མ་མཐའི་འཚོ་བའི་འགན་ལེན་གྱི་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ནང་དུས་ཐོག་ཏུ་བཅུག་ནས་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱས། “སྔོན་ལ་རོགས་སྐྱོབ་བྱེད་པའི”བྱ་ཐབས་བརྒྱུད་རོགས་སྐྱོབ་ཀྱི་གོ་རིམ་སྟབས་བདེ་རུ་བཏང་ནས། ཛ་དྲག་དང་དཀའ་ངལ་ཆེ་བའི་གནས་སྐབས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་ནད་པར་ཐད་ཀར་རོགས་སྐྱོབ་དང་། ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་དུས་ཐོག་ཏུ་གནས་སྐབས་རོགས་སྐྱོབ་བྱས། དྭ་ཕྲུག་དང་། དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ། དཀའ་ངལ་ཡོད་པའི་བྱིས་པ་སོགས་ཀྱི་འཚོ་བའི་གནས་ཚུལ་དང་འཚོ་བའི་དངོས་ཟོག་གྲབས་གསོག་བྱས་ཚུལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། འཚོ་བའི་ཁ་གསབ་དུས་ཐོག་ཏུ་སྤྲད།ད་སྔའི་བར། ཁྱིམ་ཚང25ཡི་ནང་མི71དུས་ཐོག་ཏུ་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་ནས་དུད་ཚང1དང་མི1ལ་ཐད་ཀར་རོགས་སྐྱོབ་བྱས་ཤིང་། རོགས་སྐྱོབ་དངུལ་སྒོར6816སྤྲད། དུད་ཚང168ཀྱི་མི602ལ་གནས་སྐབས་རོགས་སྐྱོབ་དངུལ་སྒོར་ཁྲི133.8སྤྲད་པ་དང་། དྭ་ཕྲུག537སོགས་དཀའ་ངལ་ཡོད་པའི་བྱིས་པར་འཚོ་བའི་ཁ་གསབ་དངུལ་སྒོར་ཁྲི26.4སྤྲད། དུད་ཚང5873གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི1.3ལ་ཟོག་གོང་ཁ་གསབ་སྒོར་ཁྲི78.5སྤྲད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་གནས་སྐབས་རོགས་སྐྱོབ་སྒོར་ཁྲི50སོགས་གཤམ་སྤྲོད་དོན་འཁྱོལ་བྱས་པ་རེད།

ཀླུ་མོས་བསྒྱུར།