མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང20བ)

ཏང་ཀྲུང་དབྱང་གི་རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་བྱ་བ་གཙོ་བོ་གཅིག་འདོམས་སྒོས་ལེགས་པོར་འཛིན་པའི་ཇུས་ཆོད་བཀོད་སྒྲིག་དང་རྒྱལ་ཁབ་ཀྱི་ཁུལ་དང་རིམ་པ་བཀར་ནས་བར་ཁྱད་ཅན་གྱི་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་ཚུལ་འགུལ་རྣམ་ལྟར་སྙོམ་སྒྲིག་བྱེད་པའི་བྱེ་བྲག་གི་བླང་བྱ་ལྟར། རང་ཞིང་གི་དེང་སྐབས་ཀྱི་རིམས་བབ་འགོག་སྡོམ་གྱི་གནས་བབ་དང་སྦྲེལ་ཏེ་ཆེད་མཁས་པས་ཚན་རིག་ལྟར་དཔྱད་ཞིབ་བརྡར་གཅོད་བྱས་པ་བརྒྱུད་དེ། ཞིང་ཆེན་སྲིད་གཞུང་གིས2020ལོའི་ཟླ3པའི་ཚེས22ཉིན་གྱི་ཆུ་ཚོད24བ་ནས་བཟུང་སྟེ་རིམས་བབ་འགོག་སྡོམ་གྱི་གནས་བབ་བསྟུད་མར་ཇེ་ལེགས་སུ་འགྲོ་བཞིན་པ་དང་འགོག་སྡོམ་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཡོད་པས། རིམས་ནད་ནང་དུ་མཆེད་པའི་ཉེན་ཁ་ཚོད་འཛིན་ཐུབ་པའི་ཟི་ལིང་གྲོང་ཁྱེར་གྱི་མཁར་བྱང་ཆུས་དང་མཁར་ཤར་ཆུས། མཚོ་ཤར་གྲོང་ཁྱེར་གྱི་མིན་ཧོ་རྫོང་དང་དཔའ་ལུང་རྫོང་སོགས་རྫོང13 (གྲོང་ཁྱེར་དང་ཆུས)སྤྱིར་བཏང་གི་འགོག་སྡོམ་ཁུལ་དུ་སྙོམ་སྒྲིག་བྱས་ནས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་དང་མཉམ་དུ་རྒྱུན་རྣམ་ལྟར་འགོག་སྡོམ་བྱ་བ་ལེགས་པོར་བསྒྲུབ་དགོས་ཚུལ་གཏན་ལ་ཕབ། ཐེངས་འདིར་སྙོམ་སྒྲིག་བྱས་རྗེས། རང་ཞིང་གི་རྫོང45(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན)ཡོངས་རྫོགས་རྒྱུན་རྣམ་གྱི་འགོག་སྡོམ་དོ་དམ་བྱེད་ཁོངས་སུ་བསྒྱུར་ཡོད།        

རང་ཞིང་གི་རིམས་བབ་འགོག་སྡོམ་གྱི་གནས་བབ་དང་སློབ་ཆུང་དམའ་འབྲིང་མཐོ་འབྲིང་གསུམ་གྱི་སློབ་གྲྭ་རིམ་པ་བཞིན་སློབ་མགོ་བརྩམས་པའི་འཕེལ་རིམ་ལ་གཞིགས་ནས། རིམས་བབ་འགོག་སྡོམ་དང་སློབ་རའི་བདེ་འཇགས་སྲུང་ཐབས་དོན་ཐོག་ཏུ་འཁྱོལ་བའི་སྔོན་འགྲོའི་ཆ་རྐྱེན་འོག “གཅིག་འདོམས་ཀྱིས་བཀོད་སྒྲིག་དང་ཧུར་ཐག་གིས་སྐུལ་འདེད། དུས་བབ་དང་བསྟུན་པ། སློབ་གྲྭ་རེར་ཐབས་ཇུས་རེ་ཡོད་པའི”རྩ་དོན་གཞིར་བཟུང་ནས། སློབ་གྲྭ་དང་སློབ་མའི་ཡོང་ཁུངས། ཆེད་ལས། ལོ་རིམ་བཅས་ཀྱི་དབྱེ་བ་བཀར་ནས་མིང་ཐོ་འགོད་པའི་རྣམ་པ་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་དངོས་གཞིའི་སློབ་གླིང་དང་མཐོ་རིམ་ལས་རིགས་སློབ་གླིང་རྩ་དོན་ཐོག་ཟླ4བའི་ཚེས1ཉིན་ནས་ཟླ4བའི་ཚེས15ཉིན་བར་དུ་རིམ་པ་བཞིན་སློབ་མགོ་བརྩམ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་དཔར་འགྲེམ་བྱས་པའི《མང་ཚོགས་ཀྱིས་ཚན་རིག་ལྟར་ཁ་ཐུམ་རྒྱག་པའི་ཕྱོགས་སྟོན》དང་ཁུལ་དང་རིམ་པ་བཀར་ནས་བར་ཁྱད་ཡོད་པར་དོ་དམ་བྱེད་པའི་བླང་བྱ་ལྟར། རང་ཞིང་གི་ཁོངས་ཡོངས་རིམས་བབ་འགོག་སྡོམ་གྱི་ཉེན་ཁ་ཆུང་བའི་ས་ཁུལ་དུ་གཏོགས་པའི་དོན་དངོས་དང་སྦྲེལ་ཏེ། ནུས་ལྡན་གྱིས་འགོག་སྲུང་དང་ཆུད་ཟོས་ཇེ་ཉུང་དུ་གཏོང་ཆེད། རང་ཞིང་གིས《མི་སྒེར་གྱིས་ཚན་རིག་ལྟར་ཁ་ཐུམ་རྒྱག(ཉར)པའི་ཕྱོགས་སྟོན》དཔར་འགྲེམ་བྱས་ཡོད་པས། མང་ཚོགས་ཀྱིས་དོ་སྣང་དང་ཟུར་ལྟ་བགྱི་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་སྒོ་ནས་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་དམ་འཛིན་དང་དངོས་འཛིན་ཞིབ་འཛིན་བྱས་ཏེ། རང་ཞིང་གི་རིམས་བབ་འགོག་སྡོམ་དང་དཔལ་འབྱོར་གནས་བབ་ཀྱི་དུས་རིམ་རང་བཞིན་གྱི་འགྱུར་ལྡོག་ལ་ཡང་དག་པར་རྒྱུས་ལོན་དང་། དུས་དང་གནས་བབ་དང་བསྟུན་ནས་བྱ་བའི་ཤུགས་འདོན་ས་དང་ཁ་གཏད་འཇལ་ཐབས་སྙོམ་སྒྲིག་བྱས་ནས། “ཁེགས་གནས”སེལ་བ་དང“ཆད་གནས”གསབ་དགོས་ཤིང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་ཁྱོན་ཡོངས་ནས་རྒྱུན་ལྡན་ལྟར་དུ་སླར་གསོ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་བསྐངས་ནས་རིམས་བབ་འགོག་སྡོམ་གྱི་མི་དམངས་ཀྱི་དམག་འཐབ་དང་སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་གྱི་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པར་ཁག་ཐེག་བྱ་དགོས་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་འགག་གཏོར་གྱི་དམིགས་འབེན་ལས་འགན་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཁག་ཐེག་བྱ་དགོས།

གཅིག་ནས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། དོགས་ཟོན་ཚད་མཐོན་པོ་མུ་མཐུད་དུ་སྲུང་འཛིན་བྱ་དགོས། ས་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ངེས་པ་དོན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཐོག ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཚད་མཐོན་པོ་བྱེད་པ་དང་། འགན་འཁྲི་སྔར་ལས་ཤུགས་དྲག་དང་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱས་ཏེ། སྣང་མེད་ལྷོད་གཡེང་གི་བསམ་བློ་དང་རིམས་འགོག་དམག་འཐབ་ལ་སུན་སྣང་སྐྱེས་པ། སྟབས་ལེགས་ཡོང་བའི་བསམ་ཚུལ་དང་སེམས་ཤུགས་ལྷོད་པའི་རྣམ་འགྱུར་བཅས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་མུ་མཐུད་དུ་འགོག་སྡོམ་གྱི་ཚད་གཞི་ཇེ་དམའ་དང་ཤུགས་ཚད་ཇེ་ཆུང་། བླང་བྱ་ཇེ་ལྷོད་བཅས་སུ་གཏང་མི་རུང་། ས་ཁུལ་སོ་སོས་ཕྱི་རྒྱལ་ནས་མཚོ་སྔོན་དུ་ཡོང་བའམ་ཕྱིར་ལོག་པའི་མི་སྣར་ཞིབ་བཤེར་དང་འགོག་སྡོམ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། སྤྱི་བདེ་དང་སྒོ་ཁྲལ། མཐའ་མཚམས་ཞིབ་བཤེར། རྒྱལ་མཚམས་ཕྱི་ནང་འགྲོ་འོང་གི་ཞིབ་བཤེར་དང་རིམས་བཤེར། ཕྱི་དོན། འཕྲོད་བསྟེན་བདེ་ཐང་། གནམ་གྲུ་ཐང་། མེ་འཁོར་ས་ཚིགས་སོགས་སྡེ་ཁག་གིས་མཉམ་འགོག་མཉམ་འཛིན་བྱེད་པའི་རྐྱེན་སྲོལ་འདོན་སྤེལ་གང་ལེགས་བྱས་ཏེ། ཉེན་ཁ་འགོག་སྡོམ་དང་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར། ནད་དཔེ་སྐྱེལ་འདྲེན། གསོ་རིག་ལྟར་ལྟ་ཞིབ། ཆ་འཕྲིན་བརྡ་ལན་སྤྲོད་པ་སོགས་ཀྱི་བྱ་བ་སྣ་ཚོགས་ཞིབ་ཚགས་ཀྱིས་ལེགས་པོར་བསྒྲུབས་ནས། རིམས་ནད“ནང་དུ་མཆེད་པར”འགོག་སྡོམ་དམ་པོ་བྱ་དགོས།

གཉིས་ནས་བྱེད་པོའི་འགན་འཁྲི་ཤུགས་དྲག་ཏུ་བཏང་ནས། མི་ཚོགས་འདུ་སར་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་ར་དང་ཚོང་ར། སྒོ་རྩིས་ཁང་སོགས་འཚོ་བར་ཉེར་མཁོའི་རིགས་ཀྱི་གནས་དང་གསོལ་མགྲོན་ཁང་། མགྲོན་ཁང་སོགས་འཚོ་བར་ཞབས་ཕྱིའི་རིགས་ཀྱི་གནས་ཡུལ་ལ་མུ་མཐུད་དུ་འགོག་སྡོམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། གནད་ཁེལ་དང་སྒྲིག་ཡོད་སྒོས་ལས་སྒོ་འབྱེད་པར་སྐུལ་འདེད་བྱེད་པ་དང་མཉམ་དུ། ཁྲིམས་མིའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། ཁོར་ཡུག་གི་འཕྲོད་བསྟེན་བཅོས་སྐྱོང་དང་དུག་སེལ། རླུང་རྒྱུ་བར་བྱེད་པ། མི་སྣ་འགྲོ་འོང་གི་ཚད་ཚོད་འཛིན་པ་སོགས་བྱེད་ཐབས་ལ་ཤུགས་དྲག་ཏུ་གཏང་དགོས། ཞག་སྡོད་ཞབས་ཕྱི་འདོན་སྤྲོད་བྱེད་མཁན་ལས་གཉེར་སྡེ་ཚན་གྱིས་ཡུལ་སྐོར་བའི་ཆ་འཕྲིན་ཇི་མ་ཇི་བཞིན་ཐོ་འགོད་བྱེད་པ་དང་། ཡུལ་སྐོར་བར་ཞིབ་བཤེར་དང་དེ་དག་གི་གནས་ཚུལ་ཞུ་འབུལ་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། གནམ་གྲུ་ཐང་དང་རླངས་འཁོར་ས་ཚིགས། གྲུ་ཁ་སོགས་མི་སྣ་འདུ་ཚོགས་ཆེ་བའི་གནས་སུ་ཞིབ་བཤེར་ལས་གནས་མུ་མཐུད་དུ་བཙུགས་ཏེ་མི་སྣ་དང་སྒྲིག་ཆས་བཀོད་སྒྲིག་བྱས་ནས། ལུས་དྲོད་བཤེར་འདེམས་སོགས་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས། གྲུ་ཁ་གནས་སའི་གྲོང་ཁྱེར་རམ་ཞིང་ཆེན་ནས་རྒྱལ་ནང་དུ་ལོག་པའི་མི་སྣའི་ཆ་འཕྲིན་བརྗེ་རེས་བྱེད་པ་མུ་མཐུད་དུ་སྲུང་འཛིན་བྱས་ཏེ། རང་ཞིང་གི་མིའམ་མཚོ་སྔོན་དུ་ཡོང་བའི་ཕྱི་རྒྱལ་གྱི་མི་སྣའི་ཆ་འཕྲིན་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱ་དགོས། པྲོག་གསར་གློ་ཚད་རིམས་བབ་འགོག་སྡོམ་གྱི“བདེ་ཐང་ཨང་རྟགས”ཕན་ཚུན་ཁས་ལེན་དང་མཉམ་འབྲེལ་བྱ་བ་ལེགས་པོར་བསྒྲུབས་ནས། ལས་རིགས་སོ་སོས་སྒྲིག་ཡོད་སྒོས་ལས་སྒོ་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་། ལས་གཉེར་མི་སྣ་སྒྲིག་ཡོད་དང་བདེ་འཇགས་ངང་ཕྱིར་ལས་རྐང་དུ་ལོག་པར་མགྱོགས་མྱུར་གྱིས་སྐུལ་འདེད་གཏང་དགོས།

གསུམ་ནས་སྐོར་ཞིབ་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། རིམས་བབ་འགོག་སྡོམ་ལ་མཛུབ་སྟོན་གྱི་བྱ་བ་དངོས་གནས་ལེགས་པོར་བསྒྲུབ་དགོས། རིམ་པ་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་ལས་སྒོ་འབྱེད་པའམ་སླར་གསོ་བྱེད་མཁན་ཁེ་ལས་སྡེ་ཚན་གྱིས་འགོག་སྡོམ་འཆར་འགོད་དང་ཕྱོགས་སྟོན་གཞིར་བཟུང་ནས། འདོམས་ཁོངས་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། འགོག་སྡོམ་བྱེད་ཐབས་ཚན་རིག་ལྟར་དོན་འཁྱོལ་བྱ་དགོས། ཐོན་ལས་དང་མི་སྣའི་ཁྱབ་ཚུལ་དང་སྦྲེལ་ནས། ལོགས་སུ་བཀར་ཏེ་གསོ་རིག་ལྟར་ལྟ་ཞིབ་བྱེད་གནས་འོས་འཚམ་སྒོས་སྒྲིག་བཀོད་བྱེད་པ་དང་། རིམས་བབ་ཀྱི་ཉེན་ཁ་བྱུང་ཚེ་ལོགས་དགར་སོགས་བྱེད་ཐབས་རྦད་དེ་སྤྱད་ནས་དུས་ཐོག་ཏུ་རིམས་བབ་ལ་ཁ་གཏད་འཇལ་ནས་ཐག་གཅོད་བྱ་དགོས། གཙོ་གནད་གླིང་ཁུལ་གྱིས་ལས་མགོ་རྩོམ་པའམ་ལས་སྒོ་འབྱེད་པ་དང་། གཙོ་གནད་སློབ་གྲྭས་སློབ་མགོ་རྩོམ་པར་རིམས་བབ་འགོག་སྡོམ་གྱི་བྱ་བར་མཛུབ་སྟོན་དང་གསོ་སྦྱོང་ལེགས་པོར་བྱ་དགོས།

བཞི་ནས་འགན་འཁྲི་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། རིམས་བབ་འགོག་སྡོམ་གྱི་ཆེད་ལས་སྟོབས་ཤུགས་ཀྱི་བྱེད་ནུས་མུ་མཐུད་དུ་འདོན་སྤེལ་བྱ་དགོས། རྒྱུན་རྣམ་ལྟར་འགོག་སྡོམ་བྱེད་པར་སྙོམ་སྒྲིག་བྱས་རྗེས། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་རིམས་ནད་ནང་དུ་མཆེད་པ་ནན་འགོག་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། འགོག་ཟོན་དང་ཁ་གཏད་འཇལ་བར་གྲ་སྒྲིག་ལེགས་པོར་བྱ་དགོས། རིམ་པ་སོ་སོའི་ནད་རིགས་འགོག་སྡོམ་ལས་ཁུངས་ཀྱིས་རྒྱལ་སྤྱི་རྒྱལ་ནང་གི་རིམས་བབ་གནས་ཚུལ་ལ་མུ་མཐུད་དུ་དོ་སྣང་བྱས་ཏེ། རིམས་བབ་ནང་དུ་མཆེད་པའི་ཉེན་ཁར་བརྡར་གཅོད་བྱ་དགོས་ལ། རིམས་བབ་དྲ་རྒྱ་ལས་ཐད་གཏོང་བྱེད་སྟངས་ཚད་ལྡན་དུ་གཏོང་བ་དང་ཚོད་ལྟ་ཁང་དུ་ཉིང་བསྐྱུར་ཞིབ་བཤེར་བྱས་ནས། ཞིབ་བཤེར་དང་བརྟག་དཔྱད་ལ་ལག་རྩལ་གྱི་རོགས་སྐྱོར་འདོན་སྤྲོད་བྱ་དགོས། ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་གིས་སྣེ་འཁྲིད་ནས་སྤྱི་ཡོངས་འཛིན་པ་དང་ཕྱོགས་བསྡུས་མཐུན་སྦྱོར་བྱས་ཏེ། མཐོ་རིམ་སློབ་གླིང་སོ་སོས་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱ་བར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་མགོ་རྩོམ་པའི་བྱ་བ་སྣ་ཚོགས་བཀོད་སྒྲིག་བྱ་དགོས། དངོས་གཞིའི་སློབ་གླིང་དང་མཐོ་རིམ་ལས་རིགས་སློབ་གླིང་སོ་སོས་བྱེད་པོའི་འགན་འཁྲི་ལག་ལེན་དུ་བསྟར་ནས། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་འགོག་སྡོམ་བྱེད་ཐབས་སྤྱད་དེ་སློབ་ར་དང་དགེ་སློབ་ལ་དོ་དམ་ལྟ་སྐྱོང་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏང་དགོས། རྒྱ་ཆེ་བའི་སློབ་མ་དག་གིས་རང་ཉིད་ལ་དོ་དམ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། རང་འགུལ་གྱིས་བྱ་སྤྱོད་ཚུལ་མཐུན་དུ་སྲུང་བ་དང་སྒོ་ཕྱིའི་འགུལ་སྐྱོད་ཉུང་དུ་གཏོང་བ། སློབ་གྲྭའི་སྒྲིག་སྲོལ་བརྩི་སྲུང་དང་སློབ་གྲྭའི་དོ་དམ་ལ་གཞོགས་འདེགས་བྱ་དགོས། མཐོ་རིམ་ལས་རིགས་སློབ་གླིང་གཙོ་གཉེར་སྡེ་ཁག་སོ་སོ་དང་འདོམས་ཁོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་དང་མཉམ་འབྲེལ་སྒོས་ཆེད་དོན་ལྟ་སྐུལ་མཛུབ་སྟོན་དང་ཕྱོགས་བསྡུས་དཔྱད་དཔོག འགག་རྩར་ནན་བཤེར་ནན་སྲུང་བྱས་ཏེ། སློབ་གྲྭའི་རྒྱུན་ལྡན་གྱི་རིམས་བབ་འགོག་སྡོམ་དང་སློབ་གསོའི་སློབ་ཁྲིད་ཀྱི་དགོས་མཁོ་འགན་སྲུང་བྱས་ནས་སྒྲིག་ཡོད་སྒོས་སློབ་མགོ་རྩོམ་པ་དང་སློབ་མ་བདེ་འཇགས་ངང་སློབ་ཁྲིད་ལ་ཞུགས་པར་ཁག་ཐེག་བྱ་དགོས།

ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་འགོག་སྡོམ་ཁུལ་དུ་སྙོམ་སྒྲིག་བྱས་པའི་

རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན) 13གྱི་མིང་ཐོ།

ཟི་ལིང་གྲོང་ཁྱེར་གྱི་མཁར་བྱང་ཆུས་དང་མཁར་ཤར་ཆུས། མཁར་དཀྱིལ་ཆུས། མཁར་ནུབ་ཆུས། ཧོང་ཀྲུང་ཆུས།

མཚོ་ཤར་གྲོང་ཁྱེར་གྱི་མིན་ཧོ་རྫོང་དང་དཔའ་ལུང་རྫོང་། ཞོན་ཧྭ་རྫོང་།

མཚོ་ནུབ་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར།

མཚོ་བྱང་ཁུལ་གྱི་མིན་ཡོན་རྫོང་།

ཡུལ་ཤུལ་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར།

མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་།  

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ3པའི་ཚེས21ཉིན།