བྱིས་པར་སྟེར་མི་རུང་བའི་བཟའ་བཏུང་རིགས་འགའ།

རང་ཁྱིམ་ན་བྱིས་པ་ཆུང་ཆུང་ཡོད་པའི་ཁྱིམ་བདག་ཚོས་དོ་སྣང་བྱ་དགོས་པ་ཞིག་ནི། དར་མས་ཟ་རྒྱུའི་བཟའ་བཏུང་མང་པོས་བྱིས་པའི་བདེ་ཐང་ལ་གནོད་པ་ཐེབས་སྲིད་པ་དང་། ལོ་རེ་བཞིན་བྱིས་པ་མང་པོ་ཞིག་རང་གིས་བཟའ་བཏུང་དེའི་སྐོར་ཟས་པའམ་མི་དར་མ་ཚོས་བྱིན་པའི་རྐྱེན་གྱིས་སྐྱོ་གར་མང་པོ་བྱུང་དང་འབྱུང་བཞིན་ཡོད། དེར་བརྟེན་ཕ་མ་ཚོས་དོ་སྣང་ཆེན་པོ་བྱ་དགོས་ཤིང་ཞོར་དུ་ཉེ་འཁོར་གྱི་མི་རྣམས་ལ་དྲན་སྐུལ་ཡང་བྱ་དགོས།

1.ཆང་དང་ཆང་བཅུད་འདྲེས་པའི་ཟས་རིགས།

དཔེར་ན་ཆང་བཅུད་འདྲེས་པའི་ཁྲོག་ལེ། བྱིས་པ་ཆུང་ཆུང་ཚོས་ཆང་འཐུང་ན་ཚང་མར་དུག་ཕོགས་པའི་ངེས་པ་མེད་མོད། ཡིན་ནའང་གནོད་པ་ཧ་ཅང་ཆེན་པོ་ཡོད། བྱིས་པའི་མཆིན་པ་ད་དུང་སྐྱེ་འཕེལ་ལེགས་པོ་བྱུང་མེད་པའི་དབང་གིས་མཆིན་པས་ཆང་བཅུད་ཀྱི་དུག་སེལ་ནུས་པ་ལྟོས་བཅས་ཀྱིས་ཞན་པ་དང་། གལ་ཏེ་ཆང་འཐུང་བ་ཡིན་ན་མཆིན་པར་གནོད་པའམ་ཚད་ལས་བརྒལ་ཏེ་དྲན་པ་ཐོར་བ་སོགས་ནད་རྟགས་ལྕི་མོ་འབྱུང་སྲིད། ལོ3མན་གྱི་བྱིས་པ་ལ་གནོད་ཚབས་དེ་བས་ཆེ་བ་དང་། ད་དུང་ཀླད་པར་རྨས་སྐྱོན་ཕོགས་པའམ་ཡང་ན་ཚེ་སྲོག་ལ་ཡང་ཉེན་ཁ་ཡོད།

2. ཇ།

ལོ6མན་གྱི་བྱིས་པས་ཇ་མ་བཏུང་ན་ལེགས། རྒྱུ་མཚན་ཅི་ཡིན་ཞེ་ན། ཇའི་ནང་གི་ཁ་ཧྥེ་རྒྱུ་སོགས་ཀྱིས་དཀྱིལ་གཞུང་དབང་རྩའི་མ་ལག་ཟིལ་གཟེར་དྲག་པོ་ཐེབས་སུ་བཅུག་སྟེ། གཉིད་ལ་ཤུགས་རྐྱེན་བཟོ་སྲིད། གཞན་ཡང་། ཇའི་ནང་གི་ཏན་ཉིང་སྐྱུར་གྱིས་འཇུ་བྱེད་མ་ལག་གི་འབྱར་སྐྱི་འཁུམ་འདུ་བྱེད་དུ་འཇུག་སྲིད་པས། འཚོ་བཅུད་དངོས་པོའི་བསྡུ་ལེན་ལ་ཤུགས་རྐྱེན་བཟོ་བ་དང་ཡི་ག་ཇེ་ཞན་དུ་སོང་སྟེ། འཇུ་སྟོབས་ཞན་པའི་ནད་རྟགས་དང་། ད་དུང་ཁྲག་ཞན་འབྱུང་སླ་བས། བྱིས་པར་ཇ་བཏུང་དུ་མ་བཅུག་ལ་ལེགས།

3. སྦྲང་རྩི།

ལོ་གཅིག་མན་གྱི་བྱིས་པས་སྦྲང་རྩི་བཟས་ན་འཚམ་པོ་མེད། གང་ལགས་ཤེ་ན། སྦྲང་རྩི་ནི་དུག་སེལ་བྱེད་དཀའ་བའི་ཟས་རིགས་སུ་གཏོགས་པ་དང་། དེའི་ཁྲོད་དུ་རྟག་པར་འཕང་དབྱིབས་ཤ་དུག་ནར་སྲིན་མྱུག་ཕུང་འདུས་ཡོད།

རྒྱུ་ལམ་དང་ནད་འགོག་མ་ལག་ད་དུང་ནར་སོན་མེད་པའི་ལོ་གཅིག་མན་གྱི་བྱིས་པས་སྦྲང་རྩི་ཟོས་རྗེས། རྒྱུ་མའི་ནང་དུ་སྐྱེ་འཕེལ་འབྱུང་བར་མ་ཟད་དབང་རྩའི་དུག་རྒྱུ་རིགས་ཤིག་ཐོན་ཏེ། བྱིས་པའི་ཤ་དུག་ནར་སྲིན་ནད་སློང་བ་དང་། ཕྲུ་གུའི་དབང་རྩའི་ཤ་གྲིམ་སྙོམས་ཤོར་དང་ཐ་ན་དབུགས་ལམ་མ་ལག་གི་ནུས་པ་ཤོར་སྲིད་པས། དེ་ནི་ཕྲུ་གུའི་ཚེ་སྲོག་དང་ཐད་ཀར་འབྲེལ་བ་ཞིག་ཡིན།

4. སིལ་ཁན།

ཁྱིམ་བདག་ཚོས་སིལ་ཁན་ནི་བྱིས་པའི་བཟའ་བྱར་བརྩིས་ཏེ། རྟག་པར་སིལ་ཁན་དེའི་རིགས་ཀྱི་ཕྱི་སྣོད་སྟེང་གི་དྲན་སྐུལ་ཡི་གེ་སྣང་མེད་དུ་བཞག་ཡོད། དེའི་སྟེང་དུ་ལོ་གསུམ་མན་གྱི་བྱིས་པ་དང་དེ་བཞིན་རྒན་རྒོན་ཚོས་བཟས་ན་འཚམ་པོ་མེད་བཅས་བྲིས་ཡོད་པ་དང་། བྱིས་པ་ཚོས་རྟག་ཏུ་སིལ་ཁན་ཐད་ཀར་འཇིབ་རྒྱུར་དགའ་བས། གློ་སྦུག་འགག་ཏེ་དབུགས་འགག་པའི་ཉེན་ཁ་ཆེ་བ་དང་། མིད་པ་ཡང་འགག་པའི་ཉེན་ཁ་ཡོད།

5.བ་དམ་སོགས་མཁྲེགས་འབྲས་རིགས།

ཕྲུ་གུའི་མིད་པའི་ནུས་པ་ཡོངས་སུ་སྨིན་མེད་པས། ཤུན་པ་མཁྲེགས་པའི་ཤིང་འབྲས་མིད་པའི་སྐབས་སུ་མིད་པ་འགག་སླའོ།

6.འོ་ཕྱེ་སྐམ་པོ་དང་ཐུད་ཟས།

འོ་ཕྱེ་སྐམ་པོ་དང་ཐུད་ཟས་ཀྱི་རིགས་གཅིག་ནི་འཇུ་དཀའ་པས་ཕོ་རྒྱུར་གནོད་པ་དང་། ཕྱོགས་གཞན་ཞིག་ནས་བྱིས་པ་ཆུང་ཆུང་གིས་ཟ་དུས་མིད་པའི་ནང་འགག་སྟེ་དབུགས་འབྱིན་རྔུབ་བྱེད་པར་འགོག་རྐྱེན་བཟོ་སྲིད་པས། ལོ་་གསུམ་མན་གྱི་ཕྲུ་གུར་ཐུད་ཟས་སོགས་ཟ་རུ་མ་བཅུག་ན་ལེགས།

7.ཚྭ་ལྡན་སྔོ་ཚལ་སོགས་བསྙལ་བཟོས་ཟས་རིགས།

བསྙལ་བའི་ཟས་རིགས་མང་པོའི་ནང་ཚྭ་འབོར་ཆེན་ཡོད་པས། བྱིས་པ་ཆུང་ཆུང་གི་མཁལ་མ་ལ་མཚོན་ན། ཁུར་པོ་ལྕི་དྲགས་པ་དང་། དེས་ཕྲུ་གུར་མ་འོངས་པར་ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་འབྱུང་ཉེན་བཟོ་སྲིད། དུས་མཚུངས་སུ་བསྙལ་བཟོས་ཟས་རིགས་འགའ་ཞིག་གི་ཁྲོད་ཟེ་སྐྱུར་ཚྭ་ཕལ་བ་མང་པོ་ཡོད་པས། དེ་ནི་སྐྲན་འབྱུང་དངོས་རྒྱུ་ཡིན་པས། གལ་ཏེ་ཐེངས་གཅིག་ལའང་ཟ་རྒྱུ་མང་དྲགས་ན་ཉེན་ཁ་ཆེན་པོ་ཡོད།

8.མཚོ་ཟས།

སྡིག་སྲིན་སོགས་མཚོ་ཟས་ནང་དུ་སྤྲི་དཀར་རྫས་འབོར་ཆེན་དང་མཁྲིས་རྒྱུ་གཤེར་རྩི་ཅུང་མཐོ་བས། ཚོར་ཐལ་གཟུགས་གཞི་ཅན་གྱི་མིར་མཚོན་ན། ཚོར་ཐལ་འབྱུང་སླ་བ་དང་། ཐ་ན་ཟྭ་འབྲུམ་ཡང་འབྱུང་སྲིད།

གལ་ཏེ་བྱིས་པར་དབུགས་འཚང་བའི་ནད་ཕོག་ཡོད་ན། མཚོ་ཟས་ཟོས་རྗེས་དབུགས་འབྱིན་རྔུབ་དཀའ་བའི་ནད་ཡང་བསྐྱར་འབྱུང་ཉེན་ཡོད་པ་དང་། གོང་གི་ནད་རྟགས་དེ་དག་མེད་ན་ཡང་བྱིས་པར་མཚོ་ཟས་མང་པོ་ཟ་རུ་འཇུག་མི་རུང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།