མཚོ་ལྷོ་མང་རྫོང་་སྲིད་གཞུང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་གྲོས་ཚོགས་བསྡུས་པ།

ཟླ3པའི་ཚེས17ཉིན། མང་རྫོང་སྲིད་གཞུང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་བཟོ་བའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོག་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ལས་དོན་གྱི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ལས་རིགས་ཁག་གི་འཆར་འགོད་བཟོ་བའི་འཕེལ་རིམ་གནས་ཚུལ་གྱི་བརྡ་ཁྱབ་བཏང་བ་དང་དུས་མཚམས་གཞིར་བཟུང་ནས་རྫོང་དེའི་འཆར་འགོད་བཟོ་བའི་ལས་དོན་ལ་བཀོད་སྒྲིག་བྱས། རྫོང་དཔོན་ཚེ་ཁོ་སྐྱིད་ཀྱིས་ཚོགས་འདུར་འགོ་འཛིན་དང་ཞིབ་ཕྲའི་བླང་བྱའང་བཏོན། ཚེ་ཁོ་སྐྱིད་ཀྱིས་ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པ་འགོ་ཚུགས་པའི་ལོ་ཡིན་པས། འཆར་འགོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རང་རྫོང་གི་འབྱུང་འགྱུར་གྱི་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས། དེང་རབས་ཅན་གྱི་འཕེལ་རྒྱས་བཅས་ལ་འབྲེལ་བ་ཡོད་པས། སྡེ་ཁག་སོ་སོས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ་མང་རྫོང་མི་དམངས་ཀྱིས་ཕྲག་དུ་ཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་སྒྲུབ་དགོས་པའི་མཛུབ་སྟོན་གནང་། ཁོ་མོས་དོན་དངོས་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལག་བསྟར་བྱེད་པར་མཛུབ་ཁྲིད་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་ཉམས་མྱོང་། བྱེད་ཐབས་ཕྱོགས་སྡོམ་དང་གདམ་གསེས་བྱེད་དགོས་ལ། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་འབྲེལ་ཡོད་སྲིད་ཇུས་ལ་ཞིབ་འཇུག་བྱེད་དགོས་ཟེར།

དེ་མིན་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ལས་དོན་ཡག་པོ་སྒྲུབ་པའི་འབྲེལ་བ་དྲུག་ཁོང་དུ་ཆུད་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ། སྣོད་བཅུད་ལ་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱལ་ཁ་ལེན་པ། གཉིས། ད་ལྟ་དང་མ་འོངས་པའི་འབྲེལ་བ། མིག་སྔར་གཞི་ཚུགས་པ་དང་མ་འོངས་པར་དམིགས་པ། བློ་ཁོག་ཡངས་པོར་ཕྱེས་པ། དོན་ཆེན་བསྒྲུབ་པ་བཅས་བྱས་ཏེ་མ་འོངས་པའི་འཕེལ་རྒྱས་ལ་རྨང་གཞི་འདིང་དགོས། གསུམ། གྲོང་རྡལ་དང་ཞིང་སྡེའི་འབྲེལ་བ། ཞིང་སྡེ་དར་རྒྱས་དང་གྲོང་རྡལ་ཅན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་ཞིབ་འཇུག་བྱས་ཏེ། གྲོང་རྡལ་གྱིས་ཞིང་སྡེ་ལ་ཁྲིད་སྟོན་དང་ཞིང་སྡེས་གྲོང་རྡལ་ལ་སྐུལ་འདེད་བཅས་ཀྱིས་འཕེལ་རྒྱས་ཀྱི་བར་སྟོང་དང་འཚོ་བའི་སྤུས་ཚད་ཀྱི་ཧེ་བག་ཆུང་དུ་གཏོང་ཅི་ཐུབ་བྱ་དགོས། བཞི། སྲོལ་རྒྱུན་ཐོན་ལས་དང་གསར་དར་ཐོན་ལས་བར་གྱི་འབྲེལ་བ། མང་རྫོང་གི་སྲོལ་རྒྱུན་ཞིང་ཕྱུགས་ཐོན་ལས་སྟོབས་ཆེར་གཏོང་བ་དང་མཉམ་དུ་ནུས་ཁུངས་གསར་པ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་གསར་དར་ཐོན་ལས་ལ་སྐུལ་འདེད་གཏོང་དགོས། ལྔ། ཞིང་ལས་དང་ཕྱུགས་ལས་བར་གྱི་འབྲེལ་བ། རང་རྫོང་གི་ཞིང་ཕྱུགས་མཉམ་འདྲེས་ཀྱིས་ཕར་ཚུར་ལ་སྐུལ་འདེད་གཏོང་བའི་ཐད་ཐོལ་བརྒལ་གྱི་གྲུབ་འབྲས་གསར་བ་བྱུང་ཡོད། དྲུག རྫོང་ཕྱི་ནང་གི་འབྲེལ་བ། ཁུལ་ཡོངས་དང་ཞིང་ཆེན། ཐ་ན་རྒྱལ་ཡོངས་བཅས་ལ་དམིགས་ནས་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས།

ལས་དོན་ཁག་བཞི་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་སྲིད་ཇུས་ལ་ཞིབ་འཇུག་བྱེད་དགོས། ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཨུའི་སྔོན་འགྲོ་གཅིག་དང་སྤུས་མཐོ་གཉིས་ཀྱི་འཐབ་ཇུས་ཁོང་དུ་ཆུད་པ། ཞིང་སྡེ་དར་རྒྱས་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་སྲིད་ཇུས་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལེགས་པོར་སྒྲུབ་དགོས། གཉིས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱ་དགོས། འཆར་འགོད་བཟོ་བའི་བླང་བྱ་དང་དུས་ཚོད་བཀོད་སྒྲིག་གཞིར་བཟུང་ནས་གནས་ཚུལ་གསལ་རྟོགས་དང་སྔོག་འདོན་གཏིང་ཟབ། རིགས་པས་ཁུངས་སྐྱེལ་དང་ཕུན་སུམ་ཚོགས་པའི་ངང་ནས་འཆར་འགོད་ཀྱི་ནང་དོན་གཞི་རྩའི་ཆོས་ཉིད་དང་སྤྱིའི་འཕེལ་ཕྱོགས་དང་མཐུན་པར་འགན་ལེན་བྱེད་དགོས། གསུམ། བསམ་འཆར་བསྡུ་ལེན་དང་ཞིབ་འཇུག་མཐར་སྐྱེལ། རིམ་པ་ཁག་གི་བསམ་འཆར་བསྡུ་ལེན་གང་ལེགས་བྱེད་པ་དང་ཆེད་མཁས་པ་རྩ་འཛུགས་ཀྱིས་ཞིབ་འཇུག་དང་གྲོས་སྡུར་བྱས་ནས། ལོ་ལྔའི་འཆར་གཞི་དང་རྒྱལ་ཁོངས་ཀྱི་འཆར་འགོད། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཆར་འགོད། དེ་བཞིན་ཆེད་དོན་འཆར་འགོད་ཁག་བཅས་ཀྱི་ཚད་གཞི་གཅིག་མཚུངས་ཡོང་བ་བྱེད་དགོས། བཞི། རྣམ་གྲངས་ཇུས་འགོད་བྱ་དགོས། སྤྱིའི་འཆར་འགོད་གཞིར་འཛིན་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཆེད་དོན་འཆར་འགོད་ཡག་པོ་བྱེད་པ། ཕན་འབྲས་ཆེ་བའི་རྣམ་གྲངས་ཇུས་འགོད། ཞིང་ཆེན་དང་ཁུལ་གྱི་སྤྱིའི་སྒྲིག་སྲོལ་དང་ཆེད་དོན་འཆར་འགོད་སྦྲེལ་མཐུད་བྱས་ནས་རྣམ་གྲངས་མང་པོ་ཁུལ་དང་ཞིང་ཆེན། རྒྱལ་ཡོངས་བཅས་ཀྱི་འཆར་འགོད་ནང་འཇུག་རྒྱུར་བརྩོན་ལེན་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།