ཝང་ཅན་ཅུན་དང་ལིའུ་ཉིང་། རྡོ་རྗེ་རབ་བརྟན་སོགས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་འོས་འགན་ངལ་རྩོལ་ལ་ཞུགས།

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་གྱི་འགོ་ཁྲིད་དག་ཟི་ལིང་གྲོང་ཁྱེར་ཁུ་ནུ་ལམ་དུ་སོང་ནས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་ཁོར་ཡུག་བཅོས་སྐྱོང་བྱ་འགུལ་ལ་ཞུགས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མཉམ་དུ་གཞུང་ལམ་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་ཕྱགས་བྱས་པ་དང་ས་བདེ་སྙོམས་བྱས་ལ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་བ་ཡང་བསྐྱར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་།

ཝང་ཅན་ཅུན་དང་ལིའུ་ཉིང་། རྡོ་རྗེ་རབ་བརྟན་སོགས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ངལ་རྩོལ་ཡུལ་དངོས་སུ་སོང་ནས། དྲིལ་སྒྲོག་པང་ལེབ་ལ་བལྟས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་ཁོར་ཡུག་བཅོས་སྐྱོང་བྱ་བའི་གནས་ཚུལ་ལ་ཉན་པ་མ་ཟད། ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། དག་གཙང་གི་མཐོ་སྒང་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱེད་པ། བདེ་ཐང་ཟི་ལིང་འཛུགས་སྐྲུན་བྱེད་པ་བཅས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

དེའི་རྗེས། ཝང་ཅན་ཅུན་དང་ལིའུ་ཉིང་། རྡོ་རྗེ་རབ་བརྟན་སོགས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ངལ་རྩོལ་ཡོ་བྱད་ཁྱེར་ནས་ངལ་རྩོལ་ཁྲོད་ཞུགས་ཏེ། གད་སྙིགས་དང་ཤིང་རུལ་སོགས་གད་སྙིགས་ཁུག་མའི་ནང་བཅུག་པ་དང་། སྤྱི་སྤྱོད་གསང་སྤྱོད་ནང་དུག་སེལ་སྨན་རྫས་གཏོར་ནས་གཙང་སྦྲ་བཟང་བོ་བྱས།

འོས་འགན་ངལ་རྩོལ་ཁྲོད་ཞུགས་པའི་ལས་བྱེད་པས་མཐའ་གཅིག་ཏུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་དང་ལེན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། འགུལ་སྐྱོད་དངོས་ལ་བརྟེན་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལག་བསྟར་བྱེད་པ་དང་། རང་སྟེང་དང་ད་ལྟ། ཉེ་འགྲམ་གྱི་བྱ་བ་ནས་འགོ་བརྩམས་ཏེ། བདེ་ཐང་ཟི་ལིང་དང་བདེ་ཐང་མཚོ་སྔོན་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་འདུ་ཤེས་མི་སེམས་ལ་སིམ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཛེས་སྡུག་གི་འཚོ་བའི་ཁོར་ཡུག་བསྐྲུན་པ་དང་། སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རོལ་ཐུབ་པར་བྱེད་དགོས་ཟེར།

འོས་འགན་ལས་འགུལ་ལ་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལ་ད་དུང་ཝང་ཞོ་དང་མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚེ། ཀྲང་ཞི་མེན། ཝང་ཡུས་ཡན། ཡུས་ཚོང་ལི། མཱ་ཅི་ཞོ། ཆུས་ཞིན་ཡུང་། ཀྲང་ཀོང་རོང་། ཀའོ་ཧྭ། ཝུའུ་ཧེ་ཁུན། ལིག་ཐུང་ཏི། དབྱང་ཧྥུན་ཁྲུན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐོ། ཝང་ཞོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཁྲིན་མེན་ཀའོ། མིན་ཡུང་ཧྲན་བཅས་ཡོད།

ཟི་ལིང་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་བཞིའི་འགན་ཁུར་བློ་མཐུན་དང་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣ་འོས་འགན་ངལ་རྩོལ་ལ་ཞུགས།