མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས།

ཟླ3པའི་ཚེས19ཉིན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཟི་ལིང་གི“1·13”གྱི་ཐོལ་བྱུང་གནོད་འཚེའི་དོན་རྐྱེན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཁོང་ཡུང་གིས་བསྟན་དོན། གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་དང་འབྲེལ་བ་ཡོད། ས་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས“1·13”གྱི་ཐོལ་བྱུང་གནོད་འཚེའི་དོན་རྐྱེན་གྱི་བསླབ་བྱ་དང་ལེན་གཏིང་ཟབ་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་བཅས་བྱས་ཏེ་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ནུས་ཤུགས་ཡོད་རྒུས་གྲལ་བཤེར་དང་བཅོས་སྒྲིག་བྱེད་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཁྱོན་ཡོངས་ནས་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱས་ཏེ་གཞི་གྲངས་གསལ་རྟོགས་དང་། རྩིས་ཁྲ་བཟོ་བ། གནད་དོན་གསེད་བཀྲོལ་བཅས་བྱས་ཏེ་གྲོང་ཁྱེར་གྱི་འགྲིམ་འགྲུལ་དང་། ཆུ་མཁོ་འདོན། ཚ་དྲོད་མཁོ་འདོན། སོལ་རླངས་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་བསྣན་ནས་གྲོང་ཁྱེར་གྱི་ས་འོག་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པ་དང་། ཁག་བགོས་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་བརླན་གཤེར་རང་བཞིན་གྱི་ས་སེར་ས་ཁུལ་གྱི་ཁང་བ་འཛུགས་སྐྲུན་དང་། གྲོང་ཁྱེར་དོ་དམ་སྒྲིག་བཀོད་དང་མི་དམངས་མཁའ་ཟོན་བཟོ་སྐྲུན་སོགས་ལ་དམིགས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་དུས་ཐོག་ཏུ་གནད་དོན་ཐག་གཅོད་ཐུབ་པ་བྱེད་དགོས། གྲོང་ཁྱེར་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་བསྣན་ནས་གཞི་གྲངས་ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲངས་འཛིན་ཅན་གྱི་གྲོང་ཁྱེར་དོ་དམ་སྟེགས་བུ་འཛུགས་དགོས། མིག་སྔར། སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་ཚུགས་བྱས་ཟིན་པ་དང་། འཛུགས་སྐྲུན་བྱེད་སྐབས་ཕྱོགས་གཅིག་ནས་རིམས་ནད་འགོག་སྡོམ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དམ་འཛིན་བྱས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱེད་དགོས་ཟེར།