མི་ལོ36རིང་གི་མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་གྱི་འཕོ་འགྱུར།

《མཚོ་སྔོན་ཚན་རྩལ་ཚགས་པར》བོད་ཡིག་པར་མ་ནི1984ལོའི་ཟླ7པར་མཚོ་སྔོན་ཚན་རྩལ་ཚགས་པར་ཁང་ནས་གསར་དུ་སྤེལ་བ་དང་། ཟླ་དེའི་ཚེས1ཉིན་བོད་ཡིག་པར་མའི་ཚགས་པར་ཐོག་མ་འགྲེམ་སྤེལ་བྱས། སྐབས་དེ་དུས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་ཨེར་ཏི་ཎི་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་ཚགས་པར་གྱི་ཁ་བྱང་ཕྱག་བྲིས་གནང་།

ཚགས་པར་འདི་ནི་མཚོ་སྔོན་ཞིང་ཆེན་གཙོས་པའི་རྒྱལ་ནང་གི་བོད་རིགས་མང་ཚོགས་ལ་ཆེད་དམིགས་ཀྱི་ཚན་རིག་ལག་རྩལ་སྐོར་གྱི་ཕྱོགས་བསྡུས་ཚགས་པར་ཞིག་ཡིན་ལ། རྒྱལ་ནང་གི་གཅིག་གྱུར་ཚགས་ཨངCN63—0013ཡིན་པ་དང་། 2004ལོར་གཅིག་གྱུར་ཚགས་ཨང་དེCN63—0013/Zལ་བསྒྱུར། 2015ལོའི་ཟླ་དང་པོ་ནས་བཟུང་། ཚགས་པར་གྱི་རྒྱལ་ནང་གཅིག་གྱུར་ཚགས་ཨངCN63—0026ལ་བསྒྱུར་ཏེ་ད་ལྟར་ཡང་དེ་ལྟར་སྤྱོད་པ་དང་། ཚགས་པར་ཞིང་ཆེན་ཕྱི་ནང་དུ་ཡོངས་བསྒྲགས་ངང་སྤེལ་བཞིན་ཡོད།

པཎ་ཆེན་རིན་པོ་ཆེ་མཆོག་གི་ཕྱག་བྲིས།


1984ལོའི་ཟླ7པའི་ཚེས1ཉིན་གྱི་ཚགས་པར།

མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་།

མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་ནི2013ལོའི་ཟླ8པར་དངོས་སུ་བཙུགས་ལ། མཚོ་སྔོན་ཚན་རྩལ་ཚགས་པར་ཁང་ཞེས་པ་དེ་ཡིན། ཚགས་པར་ཁང་འདི་ནི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཉེར་སྐྱོང་དོ་དམ་བྱེད་པའི་སྤྱི་ཕན་རིགས་དང་པོའི་རྫོང(ཁྲུའུ)རིམ་པའི་བྱ་གཞག་ལས་ཁུངས་ཤིག་ཡིན་ཞིང་། ལས་ཀ་གཙོ་བོ《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》དང《མཚོ་སྔོན་ཚན་རྩལ་ཚགས་པར》གཉིས་རྩོམ་སྒྲིག་དང་པར་སྐྲུན་བྱེད་བཞིན་ཡོད།

མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་གི་སྒོ་བྱང་འགེལ་བཞིན་པ།

《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》སྤེལ་ནས་ལོ་ངོ35སོན་པར་རྟེན་འབྲེལ་ཞུ་བའི་ཚོགས་འདུ།

2019ལོའི་ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་བཟོ་ཚོགས་ཀྱི་འགོ་བ་མ་ཅི་ཞའོ་དང་འབྲེལ་ཡོད་འགོ་ཁྲིད་སོགས《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》སྤེལ་ནས་ལོ་ངོ35སོན་པར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་ལ་ཞུགས་ཏེ་ལོ་ངོ35རིང་གི་གྲུབ་འབྲས་ལ་གཟིགས་ཞིབ་དང་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་ལ་མཛུབ་སྟོན་དང་བགྲོ་གླེང་སོགས་གནང་།

《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》སྤེལ་ནས་ལོ་ངོ35སོན་པར་རྟེན་འབྲེལ་ཞུ་བའི་ཆེད་བསྒྲིགས་ལེ་ཚན།

《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》གྱི་སྐད་འཕྲིན་སྤྱི་སྟེགས།

2020ལོའི་ཟླ་དང་པོར། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་གི་སྐད་འཕྲིན་སྤྱི་སྟེགས"青海藏文科技报"ཞེས་པ་ཐོ་འགོད་བྱས་ཏེ་སྐད་འཕྲིན་ནས་ཚན་རྩལ་གསར་འགྱུར་སྤེལ་འགོ་ཚུགས་པ་དང་། ཟླ་གསུམ་པར་སྐད་འཕྲིན་སྤྱི་སྟེགས་ཀྱི་མིང"极地科普"ཞེས་པར་བསྒྱུར། ད་ལྟ། ཚགས་པར་དང་སྐད་འཕྲིན་གཉིས་སུ་བོད་རིགས་མང་ཚོགས་ལ་དམིགས་པའི་ཚན་རྩལ་གསར་འགྱུར་དང་སྐྱེ་ཁམས་སྲུང་སྐྱོབ། འཕྲོད་བསྟེན་བདེ་ཐང་། ཞིང་ཕྱུགས་ལག་རྩལ། ངོ་མཚར་བའི་བོད་ཡུལ་ཞེས་པ་སོགས་ཀྱི་ནང་དོན་གཙོ་བོ་བྱས་ཏེ་སྤེལ་བཞིན་ཡོད།

《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》གྱི་དགོངས་དོན།

《མཚོ་སྔོན་ཚན་རྩལ་ཚགས་པར》བོད་ཡིག་པར་མ་གཉེར་བའི་དགོངས་དོན་ནི་བོད་ཁུལ་གྱི་གཞི་རིམ་ལས་བྱེད་མང་ཚོགས་ལ་དམིགས་ཏེ་ཏང་གི་ཚན་རྩལ་སྲིད་ཇུས་དྲིལ་སྒྲོག་དང་། ཚན་རྩལ་ཆ་འཕྲིན་ཁྱབ་སྤེལ། ཚན་རིག་ཤེས་བྱ་དར་སྤེལ། བོད་རིགས་མང་ཚོགས་ཀྱི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་བ། བོད་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་བྱེད་པ་བཅས་ཡིན།

མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་གྱི་འཕེལ་རིམ།

1984ལོ་ནས་ད་ལྟའི་བར་དུ། 《མཚོ་སྔོན་ཚན་རྩལ་ཚགས་པར》བོད་ཡིག་པར་མ་འདི་ཡང《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》ཞེས་པར་འཕེལ་རྒྱས་བྱུང་ཡོད་ལ། ཚགས་པར་གྱི་སྤེལ་ཐེངས་དང་པར་ངོས་གྲངས་ཀ ལེ་ཚན་བཀོད་སྒྲིག་བཅས་ལའང་འགྱུར་བ་རེ་གཉིས་བྱུང་ཡོད། གཤམ་ནས་པར་ངོས་འགྱུར་བཅོས་ཀྱི་པར་རིས་དང་བསྟུན་ནས་མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་གྱི་ལོ་རྒྱུས་འཕེལ་རིམ་ཞིག་ཀུན་ལ་ཕུལ་ཡོང་།

ཐོག་མའི་ལོ་ངོ་བཅུ་ཕྲག་རིང་གི་ཚགས་པར།

1984ལོའི་ཟླ7པ་ནས1998ལོའི་ཟླ12པའི་བར་དུ། ཚགས་པར་འདི་པར་ངོས་བཞི་དང་སྤེལ་ཚུལ་ཟླ་རེ་ལ་ཐེངས་གཉིས་རེ་ཡིན། པར་ངོས་རེ་རེའི་བརྗོད་དོན་ནི་དང་པོར་ཚན་རྩལ་གསར་འགྱུར་དང་། གཉིས་པར་ཞིང་ཕྱུགས་ལག་རྩལ། གསུམ་པར་ཤེས་བྱ་ཀུན་འདུས། བཞི་བར་ཞོར་བཀོད་རྩོམ་ཚན(འདི་རུ་ཚན་སྤེལ་མུ་འབྲེལ་པར་རིས་དང་ཤེས་བྱའི་བྱང་བུ་ཞེས་པ་གཉིས་རེས་མོས་སུ་སྤེལ)བཅས་ཡིན།

1984ལོའི་ཟླ7པའི་ཚེས1ཉིན་གྱི་མཚོ་སྔོན་ཚན་རྩལ་ཚགས་པར་གྱི་པར་ངོས་ཚང་མ་གོང་དུ་བཀོད་ཡོད་པ་དེར་གཟིགས་རོགས།

བར་གྱི་ལོ་ངོ་བཅུ་ཕྲག་རིང་གི་ཚགས་པར།

1999ལོའི་ཟླ་དང་པོ་ནས2010ལོའི་ཟླ7པའི་བར་དུ། པར་ངོས་གྲངས་ཀ་སྔར་བཞིན་བཞི་ཡིན་ནའང་། སྤེལ་ཚུལ་ཟླ་རེ་ལ་ཐེངས་རེ་ཡིན། དུས་མཚུངས་སུ། པར་ངོས་ཁག་གི་བརྗོད་དོན་ལ་ཡང་འགྱུར་བ་བཏང་སྟེ། པར་ངོས་དང་པོར་ཚན་རྩལ་གསར་འགྱུར་དང་། གཉིས་པར་དངོས་སྤྱོད་ལག་རྩལ། གསུམ་པར་འཚོ་བ་དང་བདེ་ཐང་། བཞི་བར་ཤེས་བྱ་ཀུན་འདུས་ཞེས་ཡིན།

1999ལོའི་ཟླ་དང་པོའི་ཚེས1ཉིན་གྱི་མཚོ་སྔོན་ཚན་རྩལ་ཚགས་པར།

ཉེ་དུས་ཀྱི་ལོ་ངོ་བཅུའི་སྔ་གཞུག་གི་པར་ངོས་འགྱུར་བ་དང་སྒྲིག་སྟངས།

2010ལོའི་ཟླ7པའི་ཚེས16ཉིན་ནས་བཟུང་། སྤེལ་ཐེངས་ཇེ་མང་དུ་གཏོང་བ་དང་པར་ངོས་གྲངས་ཀ་ཇེ་མང་དུ་གཏོང་བ། ཚགས་པར་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་འཆར་གཞི་ལག་ལེན་བསྟར་ཏེ་སླར་ཡང་ཟླ་རེར་ཐེངས་གཉིས་རེ་སྤེལ་རྒྱུ་བྱས་ལ། པར་ངོས་གྲངས་ཀའང་བརྒྱད་དུ་བཏང་། པར་ངོས་རེ་རེའི་བརྗོད་དོན་ནི་དང་པོར་ཚན་རྩལ་གསར་འགྱུར་དང་། གཉིས་པར་སྐྱེ་ཁམས་སྲུང་སྐྱོང་། གསུམ་པར་རོང་འབྲོག་པའི་སྤྲོ་ཁྱིམ། བཞི་བར་དངོས་སྤྱོད་ལག་རྩལ། ལྔ་བར་ཚན་རིག་དང་འཚོ་བ། དྲུག་པར་མཛེས་པའི་བོད་ཁམས། བདུན་པ་དང་བརྒྱད་པར་གསར་འགྱུར་གྱི་མ་ཡིག་བཀོད་པ་བཅས་ཡིན།

གཤམ་གྱི་པར་རིས་དག་ནི2010ལོའི་ཟླ7པའི་ཚེས16ཉིན་གྱི་ཚགས་པར་ཡིན།

2014ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་། ཚགས་པར་གྱི་སྤེལ་ཐེངས་དང་པར་ངོས་གྲངས་ཀར་འགྱུར་བ་མེད་པའི་ཐོག གསར་འགྱུར་མ་ཡིག་གི་བཀོད་སྟངས་དེ་ལ་འགྱུར་བ་བཏང་ནས་པར་ངོས་དང་པོ་མ་གཏོགས་པའི་པར་ངོས་གཞན་པར་བོད་རྒྱ་ཤན་སྦྱར་ཚུལ་གྱི་གསར་འགྱུར་སྤེལ་བ་ཡིན།

གཤམ་གྱི་པར་རིས་དག་ནི2014ལོའི་ཟླ4པའི་ཚེས1ཉིན་གྱི་མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཡིན།

མཐའ་མའི་གཏན་འབེབས་དང་རྒྱུན་འཁྱོངས།

2017ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་། ཚགས་པར་གྱི་སྤེལ་ཐེངས་དང་པར་ངོས་གྲངས་ཀ་གཉིས་ལ་འགྱུར་བ་མེད་པའི་ཐོག པར་ངོས་ཚང་མར་བོད་ཡིག་གི་གསར་འགྱུར་བཀོད་དེ་སྤེལ་ཡོད། པར་ངོས་རེ་རེའི་བརྗོད་དོན་དུའང་། དང་པོར་ཚན་རྩལ་གསར་འགྱུར་དང་། གཉིས་པར་ཕྱོགས་བསྡུས་གསར་འགྱུར། གསུམ་པར་སྐྱེ་ཁམས་ཁྱིམ་གཞིས། བཞི་བར་ཚན་ཁྱབ་ལྡུམ་ར། ལྔ་བར་ཚན་རིག་དང་འཚོ་བ། དྲུག་པར་ཚེ་སྲོག་དང་བདེ་ཐང་། བདུན་པར་དངོས་སྤྱོད་ལག་རྩལ། བརྒྱད་པར་ངོ་མཚར་བའི་བོད་ཡུལ་ཞེས་པ་བཅས་ཡིན།

2017ལོའི་ཟླ10པའི་ཚེས1ཉིན་གྱི་མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།