ཧུའུ་པའེ་རུ་མངགས་པའི་མཚོ་སྔོན་གྱི་སྨན་བཅོས་རོགས་སྐྱོར་རུ་ཁག་དང་། ཞིང་ཆེན་གྲམ་དམར་ཚོགས་པའི་ནད་སྐྱོབ་སྐྱེལ་ལེན་རུ་ཁག་གཟི་བརྗིད་ངང་ཕྱིར་མཚོ་སྔོན་དུ་ལོག ཝང་ཅན་ཅུན་གནམ་གྲུ་ཐང་དུ་བསུ་རུ་ཕྱིན་ཏེ་ཤིས་ཚིག་ཕུལ།



མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3ཚེས19ཉིན་གྱི་ཕྱི་དྲོར། ཧུའུ་པའེ་རུ་མངགས་པའི་རང་ཞིང་གི་སྨན་བཅོས་རོགས་སྐྱོར་རུ་ཁག་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ནད་སྐྱོབ་སྐྱེལ་ལེན་རུ་ཁག་གཉིས་ཀྱིས་འོས་འགན་ལེགས་པོར་གྲུབ་ནས་ཕྱིར་ཕ་ཡུལ་མཚོ་སྔོན་དུ་ལོག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ཞིང་ཆེན་རིམས་ནད་འགོག་འཛིན་བཅོས་གསུམ་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཝང་ཅིན་ཅུན་གནམ་ཐང་དུ་བསྐྱོད་དེ། རང་ཞིང་གི་ཆེས་མཛེས་པའི“གདོང་ལེན་པ་རྣམས”རྒྱལ་ཁའི་འཛུམ་དང་བཅས་བདེ་ཐང་ངང་ཕྱིར་ཕ་ཡུལ་དུ་ལོག་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཞིང་ཆེན་གྱི་མགོ་ཁྲིད་ཡུས་ཀྲུང་ལེ་དང་ཁུང་ཡུང་མདུན་བསུའི་མཛད་སྒོར་ཞུགས།


ཕྱི་དྲོའི་ཆུ་ཚོད3ཐོག གནམ་གྲུ་གནམ་ཐང་དུ་བབས་ཤིང་། འབུད་རྡུང་དཀྲོལ་གསུམ་གྱི་ཁྲོད་སྨན་བཅོས་རུ་ཁག་གི་རུ་མི137དང་སྐྱེལ་ལེན་རུ་ཁག་གི་རུ་མི10ཡིས་རྒྱལ་དར་ལག་ཏུ་ཐོགས་ཏེ་སྐས་ཐོག་ཏུ་མར་བབས་པ་དང་། འབབ་ཐང་དུ་མདུན་བསུར་ཕེབས་པའི་ལས་བྱེད་མི་སྣས“དཔའ་མཛངས་ཉིས་ལྡན་གྱི་རིམས་འགོག་སྨན་པ་རྣམས་ལ་གུས་འདེད་ཞུ”ཞེས་ལྷང་ངེར་གསལ་བའི་དགའ་བསུའི་བྱང་བུ་མཐོ་རུ་བཏེགས་ཏེ་གུས་འདུད་དང་བཅས་མེ་ཏོག་ཕུལ་ནས་མདུན་བསུས།

མདུན་བསུའི་མཛད་སྒོའི་ཐོག རུ་ཁག་གཉིས་ཀྱིས་སོ་སོ་ནས་ཧུའུ་པེ་ལ་རོགས་སྐྱོར་བྱས་པའི་བྱ་བའི་གནས་ཚུལ་སྐོར་ནས་སྙན་སེང་ཕུལ། ཝང་ཅིན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་བྱས་ཏེ་སྨན་བཅོས་རུ་ཁག་དང་ནད་སྐྱོང་སྐྱེལ་ལེན་རུ་ཁག་གི་རུ་མི་རྣམས་བདེ་བླག་ངང་ནས་ཕྱིར་ལོག་པར་དགའ་བསུ་ཞུས། ཁོང་གིས་དུང་སེམས་ཚད་མེད་ཀྱི་ངང་ནས་འདི་སྐད། ནད་ཡམས་ཀྱི་མདུན་དུ་ང་ཚོས་རང་ཐོག་ཏུ་བབས་པའི་དཀའ་སྡུག་ཆེན་པོ་སེལ་ཐུབ་མིན་དང་ཐེག་ཐུབ་མིན་ལ་ཚོད་བགམ་བྱེད་ཐུབ། རང་ཞིང་གི་སྨན་བཅོས་རུ་ཁག་དང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ནད་སྐྱོབ་སྐྱེལ་ལེན་རུ་ཁག་དང་པོར་མཚོན་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་བཀོད་དང་དུ་བླངས་ཏེ། མཚོ་སྔོན་དང་ཝུའུ་ཧན། ཧུའུ་པའེ། ནད་པ་རྣམས་ཀྱི་ཆེད་དུ་རྡོག་རྩ་གཅིག་ཏུ་སྒྲིལ་ཞིང་། ཕྱར་བ་གྲུ་འདེགས་ལ་ཞུམ་པ་མེད་པར་གདོང་མཆོངས་བྱེད་མཁན་གྱི་འཐབ་མོ་བ་དང་།རིམས་ནད་ལ་གདོང་གཏད་ཕོད་པའི་དཔའ་བོ་ཡིན།  རླབས་ཆེན་གྱི་སྨན་པ་ནི་མིའི་རིགས་ཀྱི་བདེ་ཐང་གི་སྒོ་སྲུང་བ་ཡིན། འདི་མེད་ཚེ་ནད་ཡམས་ཀྱིས་ང་ཚོ་གང་དགར་ཁྱུར་མུད་གཏང་སྲིད། ཐེངས་འདིའི་རིམས་ནད་ལས་ང་ཚོར་ཚེ་སྲོག་གི་རིན་ཐང་རྟོགས་སུ་བཅུག་ལ། སྨན་པ་ནི་ལས་རླབས་ཆེན་ཡིན་པ་ཡང་ཤེས་སུ་བཅུག་ཡོད། རླབས་ཆེན་ཡོད་ཚད་སྤྱིར་བཏང་ལས་བྱུང་བ་ཡིན་ལ་སྨན་པའི་རླབས་ཆེན་ཡང་དེ་ལྟ་ཡིན། ལྷག་པར་སྨན་པའི་རླབས་ཆེན་ནི་བདེ་ཐང་ཁོ་ནར་བློ་སྒྲིམ་ཞིང་དེ་ཚེ་སྲོག་གི་ཡོད་ཚད་བཅོལ་ཡོད་པས་རེད། དེ་བཞིན་དུ་ནད་སྐྱོང་པ་ཡང་བླ་ན་མེད་པ་ཡིན། སྨན་པའི་བྱམས་སེམས་དང་ནད་སྐྱོང་བའི་བྱམས་བརྩེ་གཉིས་ནི་མིའི་རིགས་ཀྱི་མེད་མི་རུང་བའི་བདེ་ཐང་གི་ཕོ་ཉ་གལ་ཆེན་གཉིས་ཡིན། ཐེངས་འདིའི་ནད་ཡམས་འགོག་རྒོལ་གྱི་ཡོ་ལང་ཁྲོད་ལྭ་དཀར་སྨན་པའི་སྣང་བརྙན་བླ་རུ་མཐོ་ཞིང་། འོད་སྣང་སྦྱིན་མཁན་གྱི་ཕོ་ཉའི་ཉམས་འགྱུར་ལྷག་ཏུ་མཛེས་པས་ནད་སྐྱོང་མཁན་ནི་མིག་དཔེ་ལྟ་ས་དང་དུངས་ཞེན་སྐྱེས་ས་ཞིག་ཅིས་ཀྱང་གྱུར་ཆོག་ཆོག་ཡིན་ལ། ནང་སྒོས་སུ་ཁེ་གྲགས་མི་གཉེར་གཞན་དོན་ལ་འབད་ཕྱིར་སྤྱི་ཚོགས་ཡོངས་ནས་ཁ་ཞེ་གཉིས་མེད་ཀྱིས་གོང་བཀུར་ཡི་རང་བྱ་འོས། ནད་ཡམས་གཞི་ནས་སངས་རྗེས་ང་ཚོའི་འཚོ་བ་གསར་པ་ཞིག་གི་འགོ་བརྩམ་དགོས་ལ། དེ་དུས་ངེས་པར་བདེ་ཐང་གི་འཚོ་བར་བསྙེག་དགོས། བདེ་ཐང་གི་འཚོ་བ་ནི་ད་གཟོད་བདེ་སྐྱིད་ལྡན་པའི་འཚོ་བ་ཡིན། དེ་དང་དེ་བཞིན་ཚེ་སྲོག་ལ་གཅེས་དགོས་ན་ཐོག་མར་སྨན་པར་བཀུར་དགོས་ལ། སྨན་པར་བསྙེན་བཀུར་ཡོད་ན་ད་གཟོད་བདེ་སྐྱིད་ཀྱི་འཚོ་བ་ཡོད། སྤྱི་ཚོགས་ཡོངས་ནས་སྨན་པར་བརྩི་བཀུར་བྱ་དགོས། དེ་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་རྒྱས་བྱུང་བའི་མཚོན་རྟགས་གལ་ཆེན་ཡིན། སྤྱི་ཚོགས་ཡོངས་ནས་ནད་སྐྱོང་སྨན་པར་གཅེས་སྲུང་བྱེད་དགོས། ལྷའི་ཕོ་ཉ་ཞེས་པ་ནི་བསྟོད་བསྔགས་ཆེད་དུ་འབོད་པ་ཡིན་ལ་གཅེས་སྐྱོང་གི་ཆེད་དུའང་ཡིན། བསྟོད་བསྔགས་ཡོད་ཀྱང་གཅེས་སྐྱོང་མེད་ན་ཚིག་སྙན་ཡང་དོན་གྱིས་སྟོང་བའི་ལན་ཏེ། ནད་སྐྱོང་སྨན་པར་བསྟོད་བསྔགས་དགོས་ལ་གཅེས་སྐྱོང་ནི་ལྷག་ཏུ་དགོས། ནད་སྐྱོང་སྨན་པར་གཅེས་སྐྱོང་བྱ་བ་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་རྒྱས་ཡོང་བའི་མཚོན་རྟགས་གལ་ཆེན་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྨན་བཅོས་མི་སྣར་རྒྱུན་ཚུལ་ཅན་གྱི་ཐུགས་ཁུར་དང་གཅེས་སྐྱོང་གི་སྲིད་ཇུས་བཏོན་པ་ཡང་གཙོ་བོ་སྨན་བཅོས་མི་སྣར་བདེན་པ་བདེན་ཐུབ་ཀྱི་ཐོབ་སྣང་དང་བདེ་སྣང་ཡོང་ཆེད་ཡིན་ལ། ཆེས་མཛེས་པའི་ལྭ་དཀར་ཕོ་ཉར་འཇལ་བའི་དྲིན་ལན་ཡང་ཡིན་ཞེས་བརྗོད།

དགའ་བསུའི་མཛད་སྒོ་མཇུག་སྒྲིལ་རྗེས། ཧུའུ་པའེ་རུ་མངགས་པའི་མཚོ་སྔོན་སྨན་བཅོས་རོགས་སྐྱོར་རུ་ཁག་དང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ནད་སྐྱོབ་སྐྱེལ་ལེན་རུ་ཁག་གི་རུ་མི་ཡོངས་ཐུན་མོང་གི་ངལ་གསོ་སར་བསྐྱོད་པ་དང་། ཝང་ཅིན་ཅུན་སོགས་ཞིང་ཆེན་གྱི་འགོ་ཁྲིད་དག་གིས་ཁོ་ཚོར་སྐྱེལ་མ་ཞུས།

ཁོན་ཐར་འཚོས་བསྒྱུར།