ལིག་ཉིང་གིས་ཟི་ལིང་གྲོང་ཁྱེར་དུ་སློབ་ཆུང་གི་དཔྱིད་ཀའི་སློབ་འགོ་བརྩམ་པའི་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་གནང་།

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཟི་ལིང་གྲོང་ཁྱེར་དུ་སློབ་ཆུང་གི་དཔྱིད་ཀའི་སློབ་འགོ་བརྩམ་པའི་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་སྙིང་རུས་ཆེར་བསྐྱེད་བྱེད་པ། གཅེས་སེམས་རྒྱུན་འཁྱོངས་བྱེད་དགོས་ལ། ནན་ཏན་དང་གཟབ་ནན། ཞིབ་ཕྲ་བཅས་ཀྱི་སྒོ་ནས་སློབ་ཆུང་གི་དཔྱིད་ཀའི་སློབ་འགོ་བརྩམ་པའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས། གོ་རིམ་ལྡན་པར་སློབ་འགོ་བརྩམ་པ་དང་བདེ་འཇགས་ངང་སློབ་ཁྲིད་བྱེད་པར་འགན་སྲུང་བྱེད་དགོས་པར་མ་ཟད། ཧུར་ཐག་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཉིང་གིས་སློབ་གྲྭས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བསྒྲུབས་པར་ཁས་ལེན་གང་ལེགས་བྱས་པ་དང་དགེ་རྒན་དང་ཁྱིམ་བདག་རྣམས་ཀྱིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ལིག་ཉིང་གིས་བསྟན་དོན། གནད་ས་འབུར་ཐོན་དང་གཅིག་གྱུར་སྒོས་ལྟ་རྟོག་དང་དོ་དམ་བྱེད་པ་དང་། རིགས་བཀར་མཛུབ་སྟོན། ཁུལ་བཀར་ཇུས་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་མཐུད་སྒོས་ས་གནས་ཁོངས་གཏོགས་དང་ལས་ཁུངས། སློབ་གྲྭ། དགེ་རྒན། ཁྱིམ་བདག་བཅས་འགན་འཁྲི་ལྔ་དངོས་འབེབས་བྱེད་དགོས་ལ། རིམས་ནད་འགོག་སྲུང་དངོས་རྫས་དང་སྨན་བཅོས་འཕྲོད་བསྟེན་ནུས་པ། འགྲིམ་འགྲུལ་ཁྲིམས་སྐྱོང་འགན་སྲུང་བཅས་གཙོར་འཛིན་པའི་བྱ་བ་དམ་འཛིན་བྱེད་པ་དང་། སློབ་གྲྭས་སྲིད་གཞུང་ལས་ཁུངས་དང་སློབ་མའི་ཁྱིམ་བདག སློབ་གྲྭའི་མཐའ་འཁོར་བཅས་དང་མཉམ་འབྲེལ་བྱེད་པའི་རོགས་ལས་གསུམ་ལ་ཤུགས་སྣོན་ཞིང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སློབ་འགོ་བརྩམ་པའི་གྲ་སྒྲིག་བྱ་བ་སྣ་ཚོགས་གང་ལེགས་སྒོས་བསྒྲུབ་ནས་རིམས་ནད་མཆེད་པ་སོགས་ཀྱི་དོན་རྐྱེན་གང་ཡང་མི་འབྱུང་བ་འགན་སྲུང་བྱེད་དགོས་ཟེར།